༸གོང་ས་མཆོག་གི་ཁོ་སི་ཊ་རི་ཁའི་མཛད་འཆར་ཕྱིར་འགྱངས།
2008.08.23
༄༅༎ཐོག་མའི་མཛད་འཆར་གཞིར་བཟུང་བྱས་ན་ བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་རྗེས་མའི་ནང་ ཁོ་སི་ཊ་རི་ཁས་གཙོས་པའི་དབུས་ཨ་མི་རི་ཀའི་གླིང་ཕྲན་གྱི་རྒྱལ་ཁབ་ཁག་ཅིག་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་གནང་ཕྱིར་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་ཀྱང་ ད་ལོའི་ཕྱི་ཟླ་༡༠འི་ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཏའོས་ཀྱང་ཁོ་སི་ཊ་རི་ཁར་གཞུང་འབྲེལ་གཟིགས་བསྐོར་གནང་བར་ཕེབས་རྒྱུ་ཐུགས་གཏན་འཁེལ་བ་དེ་གཉིས་སྟེས་དབང་གིས་ཁ་ཐུག་འཁེལ་བའི་རྐྱེན་གྱིས་ ཁོ་སི་ཊ་རི་ཁའི་གཞུང་དང་རྒྱ་ནག་དབར་གྱི་འབྲེལ་བར་དོ་ཕོག་མི་ཡོང་བའི་སླད་དུ་༸གོང་ས་མཆོག་གིས་ཁོ་སི་ཊ་རི་ཁར་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་ཕྱིར་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་དེ་ ཕྱི་ལོ་༢༠༠༩ བར་དུ་ཕྱིར་འགྱངས་གནང་རོགས་ཞེས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོ་སི་ཊ་རི་ཁའི་སྲིད་འཛིན་ ཨོསི་ཁའར་ཨ་རི་ཡ་སེ་མཆོག་གིས་༸གོང་ས་མཆོག་ཁོ་སི་ཊ་རི་ཁར་གདན་འདྲེན་ཞུ་མཁན་ཁོ་སི་ཊ་རི་ཁའི་རྒྱལ་ས་སེན་ཧོ་སེའི་ནང་རྟེན་གཞི་བྱས་པའི་ཁོ་སི་ཊ་རི་ཁ་དང་བོད་ཀྱི་རིག་གཞུང་མཐུན་ཚོགས་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྕམ་ མའར་ཊི་ཛ་ པ་ཆི་ཁོ་ ལ་གསུངས་ཡོད་པ་རེད་
ཁོ་སི་ཊ་རི་ཁའི་སྲིད་འཛིན་ཨོ་སི་ཁའར་ཨ་རི་ཡ་སེ་མཆོག་དང་ བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབར་ཕན་ཚུན་གྲོགས་པོའི་འདུ་ཤེས་སྔར་ནས་ཡོད་མུས་ཡིན་པར་བརྟེན་ ཆབ་སྲིད་ཀྱི་དགོས་དབང་དང་བསྟུན་ཏེ་ ༸གོང་ས་མཆོག་གི་མཛད་འཆར་ཕྱིར་འགྱངས་གནང་དགོས་བྱུང་ཡང་ དེ་ཡིས་ཁོ་སི་ཊ་རི་ཁའི་སྲིད་འཛིན་མཆོག་དང་ བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབར་དགོངས་པ་འགལ་བའི་གནས་ཚུལ་ཆགས་ཀྱི་མ་རེད་ཅེས་ཁོ་སི་ཊ་རི་ཁའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་ཡོད་པ་རེད་
དེ་ལས་ལྡོག་སྟེ་ ཕྱི་ལོ་ ༢༠༠༤ ལོར་༸གོང་ས་མཆོག་གིས་ཁོ་སི་ཊ་རི་ཁར་ཆིབས་བསྒྱུར་གནང་སྐབས་ ཁོ་སི་ཊ་རི་ཁ་འདྲ་བའི་དྲག་པོའི་དམག་དཔུང་མེད་པའི་རྒྱལ་ཁབ་འདིའི་ནང་བརྟན་ལྷིངས་ལྡན་པའི་དཔལ་འབྱོར་གནས་སྟངས་མུ་མཐུད་ལོངས་སུ་སྤྱོད་པ་དང་ ཞི་བདེ་དང་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཆོད་སེམས་བརྟན་པོ་བཟུང་བར་ ངོས་རང་ལ་བག་ཆགས་གཏིང་ཟབ་བྱུང་ལ་ མ་འོངས་པའི་བོད་དེ་ཡང་ཁོ་སི་ཊ་རི་ཁ་འདྲ་བ་ཆགས་རྒྱུའི་ཕུགས་བསམ་དང་ བློ་སྟོབས་སྐྱེས་བྱུང་ཞེས་༸གོང་ས་མཆོག་གིས་གསུངས་ཡོད་པ་རེད།