ཕྱིའི་ཆབ་སྲིད་ཀྱི་འགྱུར་བར་དོགས་ནས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཇེ་ཆེར་བཏང་འདུག
2020.10.14
རྒྱ་ནག་གཞུང་ཨ་མི་རི་ཀ་དང་རྒྱ་གར་བཅས་ཀྱི་བར་ཆབ་སྲིད་ཀྱི་དཀའ་རྙོག་འཕྲད་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཇེ་ཆེར་གཏོང་གི་ཡོད་འདུག
ཉེ་ལམ་ནས་“བོད་ནང་གི་ས་གནས་ཁག་སྤྱི་ལ་རྒྱ་ནག་གཞུང་གིས་དྲ་ཐོག་ཏུ་མྱུལ་ཞིབ་བྱེད་པ་དང་། ཉེན་རྟོག་པའི་དཔུང་དམག་ཇེ་མང་དུ་གཏོང་བ། ཁ་པར་དང་སྐད་འཕྲིན་གྱི་བརྒྱུད་ལམ་ཐོག་ལྟ་རྟོག་ནན་པོ་བྱེད་པ། བོད་མིའི་འགུལ་བསྐྱོད་ལ་སྔོན་མ་ལས་ཀྱང་ལྟ་སྲུང་ཇེ་དམ་དུ་གཏོང་གི་ཡོད་པ།”བཅས་བོད་ནང་གི་བོད་མི་མིང་བརྗོད་འདོད་མེད་པ་ཁག་གིས་འགྲེལ་བརྗོད་གནང་གི་འདུག ལྷག་པར་རྒྱ་ནག་དང་རྒྱ་གར་བར་ས་མཚམས་རྩོད་རྙོག་གི་གནས་ཚུལ་བྱུང་བ་ནས་བཟུང་། བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ་སོགས་ཀྱི་ནང་། དམིགས་བསལ་དམ་དྲག་ལྟ་སྲུང་བྱེད་པ་དང་། མི་མང་ལ་དྲག་གནོན་བྱས་ཆོག་ཆོག་གི་ཉེན་རྟོག་པ་དང་། དམིགས་བསལ་ངོ་རྒོལ་དྲག་གནོན་གྱི་རླངས་འཁོར་དང་། མཚོན་ཆ་འདྲ་མིན་སྤྲས་པའི་དྲག་ཆས་དམག་དཔུང་མང་པོ་འགྲེམས་འཇོག་བྱས་ཡོད་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ད་ལྟའི་ཛ་དྲག་གི་གནས་སྟངས་ཆགས་བཞིན་པ་ནི། རྒྱ་ནག་གཞུང་ཨ་མི་རི་ཀ་དང་རྒྱ་གར་བཅས་ཀྱི་བར་ཆབ་སྲིད་ཀྱི་དཀའ་རྙོག་འཕྲད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བོད་ནང་དམིགས་བསལ་གྱིས་དམ་དྲག་བྱེད་བཞིན་པ་རེད་སྙམ་ཅེས་དང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ། རྒྱལ་ཁབ་༣༩ཡི་ངོས་ནས་གསལ་བསྒྲགས་ནན་པོ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་བྱ་སྤྱོད་ཁག་ལ་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་དེས། ནུབ་ཕྱོགས་རྒྱལ་ཁབ་ཚོས་སྔར་དང་མི་འདྲ་བར། རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་འཇོག་སྐབས། ངེས་པར་དུ་ཚོང་གཅིག་པུ་ལ་ལྟ་མི་དགོས་པར། ཆབ་སྲིད་དང་འགྲོ་བ་མིའི་ཐོག་ཐང་གི་གནས་སྟངས་བཅས་གཞི་ལ་བཞག་སྟེ། རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་གལ་ཆེན་ཡིན་པ་བསྟན་ཡོད། དེ་བཞིན་རྒྱ་ནག་དང་རྒྱ་གར་བར་ས་མཚམས་ཀྱི་རྩོད་རྙོག་བྱུང་བ་ནས་བཟུང་། ཕྱིའི་ཆབ་སྲིད་ཀྱི་འགྱུར་བ་ལ་དོགས་པ་བྱས་ཏེ། ལྷ་ས་དང་གཞིས་ཀ་རྩེ་སོགས་ཀྱི་ནང་དམ་དྲག་ཆེན་པོ་བྱེད་བཞིན་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་གནས་ལྟ་ཞིབ་ཁང་གི་ཞི་བདེའི་ཟླ་བ་ལགས་ནས། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁ་གཡར་ཏེ་དོན་གྱིས་བོད་དོན་ལས་འགུལ་བ་ཚོར་ཁ་གཏད་གཅོག་ཆེད། བོད་རང་སྐྱོང་ལྗོངས་ཀྱི་གཞིས་རྩེ་དང་མངའ་རིས་སོགས་ཀྱི་ནང་། དྲག་ཆས་ཉེན་རྟོག་པ་ཇེ་མང་དུ་གཏོང་བཞིན་འདུག་ཅེས་དང་། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་རྣམས་བཀག་འགོག་དང་། བོད་མིའི་སེམས་ཁམས་ལ་འགྱུར་བ་གཏོང་ཆེད་དུ། རྒྱ་ནག་གཞུང་གིས་བསམ་བློའི་སློབ་སྦྱོང་མང་པོ་སྤྲོད་པ་དང་། ལྷག་པར་དགོན་སྡེ་ཁག་གི་ནང་མི་རིགས་མཐུན་སྒྲིལ་ལ་ཁ་གཡར་ཏེ། དམར་ཤོག་གིས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་བྱུས་དང་། དམར་ཤོག་ཚོགས་པའི་ཆབ་སྲིད་གཏན་འཇགས་རྒྱུན་གནས་ཆེད། བོད་མི་ཚོས་རྒྱ་ནག་གཞུང་དང་མི་མཐུན་པ་བྱས་པའི་རིགས། མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་བཟོས་པ་དང་ཁ་བྲལ་བ་རེད་ཅེས་དྲག་གནོན་དམ་དྲག་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་དེང་སང་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་གི་ཡོད་པའི་སྐོར་ལ། སྤྱི་ཟླ་༡༠པའི་ཚེས་༡༤ཉིན་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བཀོད་པའི་གནས་ཚུལ་ནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་ནས་“ཏང་གི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བར་གཅེས་འཛིན་གང་ལེགས་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་གྱི་ཞིབ་བཤེར་ལ་གཅེས་འཛིན་གང་ལེགས་བྱེད་པ། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པའི་ལངས་ཕྱོགས་ལ་བརྟེན་ནས་སྐོར་ཞིབ་ལས་ཀར་མཐོང་ཆེན་བྱེད་དགོས”་ཞེས་སོགས་འཁོད་འདུག