རྒྱ་ནག་གི་དྲ་རྒྱའི་ཐོག་དམ་བསྒྲགས་ཆེ་རུ་བཏང་བ།
2012.04.01
༄༅༎རྒྱ་ནག་གི་དྲ་རྒྱའི་ཐོག་གུང་ཁྲན་ཏང་གི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་སྐོར་གྱི་གནས་ཚུལ་བཀོད་སྤེལ་བྱས་ཏེ་མི་དམངས་ཀྱིས་གླེང་སློང་བྱེད་ཡུལ་གནད་དོན་གལ་ཆེ་ཞིག་ཏུ་གྱུར་བར་བརྟེན་ནས་རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་དམ་དྲག་ཆེ་རུ་བཏང་སྟེ། དྲ་རྒྱ་ཆེ་བ་༡༦ སྒོ་བརྒྱབ་པ་དང། མི་དྲུག་འཛིན་བཟུང་བྱས་ཡོད་པའི་སྐོར་རེས་གཟའ་སྤེན་པའི་ཉིན་ཕྱི་རྒྱལ་གྱི་དྲ་རྒྱའི་གསར་འགྱུར་ཞིག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་དྲ་རྒྱའི་ཐོག་ལ་དམག་མིའི་མོ་ཊ་རྒྱལ་ས་པེ་ཅིང་ནང་དུ་འཛུལ་ཡོང་བའི་འདྲ་པར་དང་ཆབས་ཆིག་རྒྱ་ནག་གི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་གནས་ཚུལ་དྲ་རྒྱའི་ཐོག་བཀོད་སྤེལ་བྱས་པའི་གནད་དོན་དེ་ནི། འདི་ལོ་རྒྱ་ནག་གི་མི་རབས་བཞི་པའི་འགོ་ཁྲིད་འཕོ་འགྱུར་གྱི་དུས་ཚོད་ཉེ་བར་བཅར་བའི་སྐབས་དེ་དང༌། ལྷག་དོན་ཀྲོང་ཆིང་(Chongqing)དམར་ཤོག་ཚོགས་པའི་དྲུང་ཆེ་སྦོ་ཚི་ལའེ་(Bo Xilai)གནས་དབྱུངས་བཏང་བའི་རྗེས། རྒྱ་ནག་གི་དཔོན་རིགས་ལ་བཟོད་ཐབས་མེད་པའི་དངངས་སྐྲག་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པར་བརྟེན་རྒྱ་ནག་གི་ཤིང་ཧྰ་གསར་འགྱུར་ལས་ཁང་གིས། པེ་ཅིང་ཉེན་རྟོགས་པས། དྲ་རྒྱ་༡༦ སྒོ་རྒྱབ་པ་མ་ཟད། མི་དྲུག་འཛིན་བཟུང་བྱས་ཏེ། ཁོང་ཚོས་དམག་མིའི་མོ་ཊ་རྒྱལ་ས་པེ་ཅིང་ནང་དུ་འཛུལ་ཡོང་བ་དང༌། པེ་ཅིང་ནང་གནས་ཚུལ་སྡུག་པོ་ཞིག་ཡོང་གི་ཡོད་པའི་སྐོར་གྱི་དཀྲོག་གཏམ་དྲ་རྒྱའི་ཐོག་ཁྱབ་སྤེལ་བྱས་པའི་ཉེས་འཛུགས་བྱས་ཡོད་པ་རེད།།