བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་ཉེན་བརྡ་བཏང་བ།
2015.09.02
རྒྱ་ནག་གཞུང་ནས་བོད་ཀྱི་སྲོལ་རྒྱུན་ལམ་ལུགས་ལ་ཐེ་ཇུས་མཚམས་འཇོག་བྱེད་དགོས་ལུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཉེན་བརྡ་བཏང་གནང་འདུག
དེ་ཡང་རྒྱ་ནག་གཞུང་ནས་བོད་རང་སྐྱོང་ལྗོངས་ཞེས་བ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་འགོ་འཛུགས་ཉིན་མོ་དང་སྟབས་བསྟུན་རྒྱ་ནག་གཞུང་གིས་བོད་ཐོག་གཡོ་རྫུན་གྱི་གཏམ་བཤད་སྤེལ་དོན་ལ་རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས་ལན་འདེབས་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། སྲོལ་རྒྱུན་གྱི་ལམ་སྲོལ་ལ་ཐེ་ཇུས་མཚམས་འཇོག་བྱ་དགོས་ལུགས་དང་འབྲེལ་རྒྱ་ནག་གཞུང་གི་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆར་དགག་ལན་སྐྱོན་ཡོད་པའི་སྐོར། རྒྱ་གར་གྱི་Associated Press གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཞེས་བ་དབུ་བརྙེས་ནས་ལོ་༥༠འཁོར་བའི་མཛད་སྒོ་སྲུང་བརྩི་ཞུ་བཞིན་ཡོད་པ་སྟེ་བོད་མི་ཚོར་དགའ་སྤྲོའི་རང་བཞིན་ཞིག་གང་ཡང་མ་ཡིན་པར་དེ་ལས་ལྡོག་སྟེ་ཉིན་མོ་འདི་བཞིན་དེ་སྔ་བོད་རང་དབང་གི་རྒྱལ་ཁབ་དེ་ད་ཆ་ལོ་ངོ་ལྔ་བཅུ་ལྷག་རིང་བཙན་འཛུལ་གྱི་གནས་སྟངས་འོག་མུ་མཐུད་ལུས་པའི་ཉིན་མོ་ཞིག་མཚོན་གྱི་ཡོད་པ་གསལ་འདོན་གནང་འདུག
གཞན་ཡང་ཉེ་ལམ་རྒྱ་ནག་གི་དབུ་ཁྲིད་རྣམ་པའི་ལྷན་འཛོམས་ཐོག བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཞེས་པ་བརྒྱུད་བོད་ཐོག་སྲིད་བྱུས་འཛིན་སྟངས་དང་། འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་ཕྱོགས་ལ་སོགས་པའི་གསལ་བསྒྲགས་བྱས་པའི་གནས་ཚུལ་དང་། དེ་བཞིན་འདི་ལོ་ཕྱི་ཟླ་༥པའི་ནང་རྒྱ་ནག་གཞུང་གིས་བོད་སྤྱི་ཡོངས་ཐོག་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞེས་བཏོན་ཏེ། བོད་འདི་ལོ་རྒྱུས་ཐོག་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང་། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་ཀྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ཐད། རྒྱ་ནག་གཞུང་ལ་སྲོལ་རྒྱུན་གྱི་ཐོག་ནས་འགན་དབང་ཡོད་ཚུལ་བརྗོད་པའི་གནད་དོན་དེ་དག་ལ་བོད་མི་ཚོས་ངོས་ལེན་ཞུ་ཐབས་མེད་པའི་སྐོར་སོགས་ལན་འདེབས་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་བོད་ནི་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མ་ཡིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ལོ་རྒྱུས་ཐོག་ཁུངས་སྐྱེལ་ར་སྤྲོད་ཡིན་པ་དང་། ༧གོང་ས་མཆོག་གི་ཡང་སྲིད་ཐད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མ་གཏོགས་རྒྱ་ནག་གཞུང་ལ་འགན་དབང་སྤུ་ཙམ་ཡང་མེད་ཅེས་གསུངས་པ་མ་ཟད། གལ་སྲིད་རྒྱ་ནག་གཞུང་ནས་ལངས་ཕྱོགས་འདི་ལྟར་བཟུང་ཚེ། བོད་མི་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཐོག་༧གོང་ས་མཆོག་དང་བོད་ལུགས་ནང་ཆོས་ལ་དད་གུས་དང་རྒྱབ་སྐྱོར་ཆེ་བའི་མི་མང་ས་ཡ་མང་པོས་ རྒྱ་ནག་ལ་ཁ་གཏད་དུ་ལངས་ངེས་ཡིན་པའི་སྐོར་གསུངས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།