རྒྱ་ནག་ནང་འགྲོ་བ་མིའི་ཐོག་ཐང་མེད་པ་གསལ་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱིས།

2021.08.13
རྒྱ་ནག་ནང་འགྲོ་བ་མིའི་ཐོག་ཐང་མེད་པ་གསལ་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱིས། བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་མདུན་རྒྱ་ནག་གི་ཉེན་རྟོག་སྐོར་འཆག་པ། ཕྱི་ལོ་༢༠༡༤ཟླ་བ་༣།
རོཡི་ཊརས།

རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལྷན་ཁང་གིས་སྤྱི་ཟླ་༨པའི་ཚེས་༡༢ཉིན།ཕྱོགས་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་གྲུབ་འབྲས་སྨིན་ཡོད་པ་དང་།དེ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཆེན་པོ་བྱུང་ཡོད་པ།དབུལ་སྒྲོལ་འགག་སྒྲོལ་གྱི་ཚད་ལྡན་གྱི་འཚོ་བའི་ཐོབ་ཐང་དང་།སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་བཅས་ལ་ཁྲིམས་མཐུན་གྱི་སྲུང་སྐྱོབ་ཐུབ་ཡོད་པ་སོགས་འཁོད་ཡོད་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནའང་།བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས།དམིགས་བསལ་འདས་པའི་ལོ་བརྒྱའི་ནང་དང་རྒྱ་ནག་དམར་ཤོག་ཚོགས་པས་གཞུང་འཛིན་གྱི་རིང་།རྒྱ་ནག་མི་མང་ས་ཡ་མང་པོ་དམར་གསོད་ཀྱི་གནས་སྟངས་ཆགས་ཡོད་པ་དང་།ད་ལྟ་ཡང་ཧོང་ཀོང་དང་བོད།ཤིན་ཅང་བཅས་ཆེས་གདུག་རྩུབ་ཅན་གྱི་གནས་སྟངས་འོག་བསྡད་ཡོད་པས།འགྲོ་བའི་མིའི་ཐོབ་ཐང་མེད་པའི་གནས་སྟངས་གསལ་བོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱབ་ཤ་དཀར་པོའི་དེབ་དེའི་དོན་ཚན་བཞི་པའི་ནང་།ཆོས་དད་རང་དབང་གི་གནས་སྟངས་དང་འབྲེལ།ཆོས་བྱེད་ཀྱི་རང་དབང་ཆ་ཚང་སྤྲད་ཡོད་པ་འཁོད་ཡོད་ནའང་།བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་བོད་ནང་གི་དགོན་སྡེ་ཁག་དང་བོད་ཀྱི་ནང་ཆོས་ཀྱི་གཞི་རྩ་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་དེ་དངོས་ཡོད་ཀྱི་དཀའ་ངལ་ཅིག་ཡིན་པ་དང་།དོན་ཚན་ལྔ་པའི་ནང་གྲངས་ཉུང་མི་རིགས་ཡར་རྒྱས་སུ་བཏང་ལུགས་མང་པོ་འཁོད་ཡོད་ནའང་།བོད་ནང་སྐད་ཡིག་རིག་གཞུང་སོགས་གང་ཅིའི་ཐོག་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་འབྱོར་འབྲིང་གི་སྤྱི་ཚོགས་ཡར་རྒྱས་འཛུགས་བསྐྲུན་དེས།འགྲོ་བ་མིའི་ཐོབ་ཐང་གི་རྨང་གཞི་བརྟན་པོ་ཡོང་བར་ཕན་ཐོགས་དང་།འཛམ་གླིང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་ཕན་པ་དང་ཞབས་འདེགས་ཡོད་པ་སོགས་འཁོད་ཡོད་ནའང་།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས།འདས་པའི་ལོ་ཉི་ཤུའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་དང་།ལས་དོན་ཚོགས་ཆུང་མང་པོ་ཞིག་ཡོད་པ་ཚོས།རྒྱ་ནག་ལ་ཞིབ་འཇུག་སྙན་ཐོ་དང་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་རིམ་པར་ཞུས་ཡོད་ནའང་།ད་བར་རྒྱ་ནག་གཞུང་གིས་ལག་བསྟར་རྩ་བ་ནས་བྱས་མེད་པ་མ་ཟད།རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྔ་མ་ལས་སྡུག་ཏུ་འགྲོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

འབྱོར་འབྲིང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་ཆབས་ཅིག་ཏུ་དཔལ་འབྱོར་དང་སྤྱི་ཚོགས།རིག་གནས།ཤེས་ཡོན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོབ་ཐང་བཅས་གཅེས་འཛིན་བྱེད་ཐུབ་ཡོད་པ་འཁོད་ཡོད་ནའང་།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།འཛུགས་བསྐྲུན་ཡར་རྒྱས་ནི་དངུལ་གཅིག་པུ་མིན་པར།སྤྱི་ཡོངས་ཀྱི་མིའི་བསམ་བློའི་རང་དབང་ཡོད་མེད་ལ་ཐུག་ཡོད་པས།རྒྱ་ནག་གི་འཛུགས་བསྐྲུན་སྐབས་བོད་ནང་འབྲོག་པ་ཚོ་ཁང་པ་སྤུས་ཚད་ཤིན་ཏུ་དམའ་བོར་འཇོག་པ་དང་།ནོར་ལུག་གི་གྲངས་ཀ་ཉུང་དུ་གཏོང་བ།བོད་མིས་བདག་བཟུང་གི་ས་ཆ་གཞུང་གིས་འཕྲོག་པ།བོད་ཕྲུག་རྣམས་ལ་ཆེད་དུ་རྒྱ་ནག་གི་སྐད་ཡིག་གཙོ་སྐད་དུ་འཇོག་པ།དགོན་སྡེ་ཁག་ཏུ་གྲྭ་བའི་གྲངས་འབོར་ཉུང་དུ་གཏོང་བ་སོགས།བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འགྲོ་བ་ཡར་རྒྱས་འཛུགས་བསྐྲུན་ལ་ཁ་གཡར་ནས་ཡོང་གི་ཡོད་པར་ངོས་འཛིན་གནང་གི་འདུག

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎