༧གོང་ས་མཆོག་གིས་ཇར་མན་གྱི་མཛད་འཕྲིན་ལེགས་འགྲུབ།
2015.07.14
༧གོང་ས་མཆོག་གིས་ཇར་མན་གྱི་ཆིབས་བསྒྱུར་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱིར་རྒྱ་གར་དུ་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་གྲངས་གཉིས་རིང་གི་ཇར་མན་གྱི་ཆིབས་བསྒྱུར་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཟླ་༧ཚེས་༡༤ཉིན་རྒྱ་གར་དུ་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་སྐྱབས་མགོན་ཆེན་པོ་མཆོག་Germanyནང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་སྟེ་ཕྱིར་རྒྱ་གར་ལ་མ་ཕེབས་གོང་། Europe Stand With Tibetཞེས་པའི་ཡུ་རོབ་བོད་ཀྱི་རྩ་དོན་ཆེད་རྒྱབ་སྐྱོར་ཡོད་ཞེས་པའི་ཚོགས་མི་དགེ་བཤེས་ཐུབ་བསྟན་དབང་ཆེན་དང་། སྐུ་ཞབས་བཀྲས་མཐོང་དབང་པོ་གཉིས་ཀྱིས་ཚོགས་པ་དེའི་སྙན་ཐོ་ཐུང་ངུ་ཞིག་གོང་ས་མཆོག་ལ་ཕུལ་ཡོད་ཅིང་། ༧གོང་ས་མཆོག་གིས་ཚོགས་པ་དེའི་བྱ་བ་ལམ་འགྲོ་ཡོང་པའི་བཀྲ་ཤིས་སྨོན་ལམ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༢ཉིན་ཇར་མན་གྱི་Hessམངའ་སྡེའི་གྲོང་ཁྱེར་ Wiesbadenརུ་ཞབས་སོར་འཁོད་དེ་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Claudia Rothདང་། རཱོ་ལནཌ་ཀོཧ། གྲོང་ཁྱེར་སྤྱི་ཁྱབ་པ་ལ་སོགས་པ་ཆབ་སྲིད་མི་སྣ་ཁག་དང་མཇལ་འཕྲད་གནང་ཞིང་། ཇར་མན་དུ་གནས་འཁོད་དང་དེ་མིན་ཡོ་རོབ་ཀྱི་ས་ཁུལ་མང་པོ་ནས་འབྱོར་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུས་ཡོད་པ་རེད། གྲོང་ཁྱེར་དེའི་ནང་ཡོད་པའི་Kurparkཞེས་པའི་སྤྱི་གླིང་ཞིག་ཡོད་པ་དེའི་ནང་མང་ཚོགས་ཆིག་ཁྲི་ཉིས་སྟོང་བརྒལ་བ་འདུ་འཛོམས་ཀྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བའི་མཛད་སྒོ་གཟབ་རྒྱས་ཞིག་ཚུགས་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་བརྩེའི་ཉམས་ལེན་དང་འབྲེལ་བའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་ཀྱང་སྩལ་གནང་མཛད་ཡོད་པ་རེད། ཕྱི་ཚེས་༡༣ཉིན་གྲོང་ཁྱེར་Frankfurtརུ་ཆིབས་བསྒྱུར་ཐོག་གྲོང་ཁྱེར་སྤྱི་ཁྱབ་པས་ཕེབས་བསུ་དང་། གྲོང་སྡེ་ལས་ཁུངས་ནང་བགྲོ་གླེང་དང་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཅིང་། ཇར་མན་བོད་རིགས་ཚོགས་པའམ་ཇར་འཁོད་བོད་རིགས་ཚོགས་པའི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་གྱ་སྟོན་དང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཆེན་པོ་ཞིག་གི་དབུ་མགོན་དུ་ཞབས་སོར་འཁོད་པ་ལ་སོགས་པའི་མཛད་འཕྲིན་བསྐྱངས་གནང་མཛད་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་པ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།