བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་སྩལ་བཞིན་འདུག

2024.06.03

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་སྩལ་བཞིན་འདུགརྡ་རམ་ས་ལ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་གསོལ་འདེབས་ཞུས་པ་ལྟར། ཕྱི་རྒྱལ་ཡུལ་གྲུ་ཁག་འགའ་རེ་དང་རྒྱ་གར་ནང་གི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག བོད་ཁྱིམ་སློབ་གྲྭ་ཁག་སོགས་ནས་ཆེད་དུ་ཕེབས་པའི་བོད་རིགས་གཞོན་སྐྱེས་དང་སློབ་ཕྲུག་དོ་སྣང་ཅན་ཆིག་སྟོང་ཉིས་བརྒྱ་བརྒལ་བར། བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཉིན་གྲངས་གཉིས་རིང་ནང་ཆོས་ངོ་སྤྲོད་གནང་བཞིན་པ་དེ། སྤྱི་ཟླ་༦པའི་ཚེས་༣ཉིན་དབུ་འཛུགས་སྐབས་༧གོང་ས་མཆོག་གིས། མགོན་པོ་གང་ཉིད་ནས་ལྗགས་རྩོམ་མཛད་པའི་དབུ་མའི་ལྡེ་མིག་གི་བཀའ་ཆོས་སྩལ་བ་དང་འབྲེལ། སློབ་ཕྲུག་ཚོས་བློ་རིག་གི་སྡོམ་བློ་ཐོག་ནས་བསྐྱོར་བར་བསྔགས་བརྗོད་ཕེབས་པ་དང་། བོད་མི་ཚོས་ཆུང་ཆུང་གི་སྐབས་ནས་བློ་རིག་དང་རྟགས་རིགས་སོགས་གཞུང་རྣམས་ཀྱི་བསྡོམས་བློ་ལ་བཟུང་ནས་བལྟས་བསྡད་པ་དེ་ནང་ཆོས་སློབ་གཉེར་གྱི་མིག་ལྟོས་ཧ་ཅང་ཡག་པོ་ཡིན་པའི་བཀའ་སྩལ་ཡོད་པ་རེད།
ཡང་མགོན་པོ་གང་ཉིད་ཀྱིས་བོད་མི་ཚོར་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཡག་པོ་ཡོད་པ་དང་། མགོན་པོ་གང་ཉིད་ཆུང་དུས་ནས་ཐུགས་རིག་བཀྲ་བ་དང་ཆུང་ཆུང་སྐབས་ནས་རྗེ་བཙུན་འཇམ་པའི་དབྱངས་དང་འདྲེས་བསྡད་ཡོད་པ། ལྷག་པར་༧མགོན་པོ་གང་ཉིད་ལ་ཐུབ་དབང་གི་གཟིགས་སྣང་དང་རྗེས་སུ་འཛིན་བཞིན་པའི་སེམས་ནང་སྤོབས་པ་སླེབས་ཀྱི་འདུག་ཅེས་བཀའ་སྩལ་སོང་།
འདས་པའི་ལོ་མང་གི་གོང་ནས་རྡ་རམ་ས་ལ་རུ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་༧གོང་ས་མཆོག་གདན་ཞུས་ནང་ཆོས་ངོ་སྤྲོད་གནང་བཞིན་ཡོད་པ་འདིར། གཙོ་ཆེར་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་བཅར་གནང་གི་ཡོད་པ་བཞིན། ད་རེས་ཀྱང་སློབ་ཕྲུག་མང་པོ་ཞིག་ཕེབས་ཡོད་ཁོངས་ནས་རྡ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་བློ་བཟང་ལགས་ནས། མཇལ་ཁ་རག་པ་ཙམ་དང་ལྷག་པར་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་བ་ནི་ཧ་ཅང་བསྐལ་བ་བཟང་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་སེ་ལ་ཀོབ་བོད་ཁྱིམ་གྱི་སློབ་ཕྲུག་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས། ༧གོང་ས་མཆོག་གིས་བཀའ་སྩལ་བ་བཞིན། ནང་ཆོས་ངོ་སྤྲོད་འདི་བརྒྱུད་བོད་ཀྱི་རིག་གཞུང་དང་གོམས་གཤིས་ལ་དོ་སྣང་གི་འདུན་པ་དམིགས་བསལ་ཅིག་སླེབས་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
སློབ་ཕྲུག་ཚོར་ཤེས་རབ་འཕེལ་བའི་ཕྱིར་དུ་༧གོང་ས་མཆོག་གིས་རྗེ་བཙུན་འཇམ་དབྱངས་ཀྱི་གཟུངས་སྔགས་ཨ་ར་པ་ཙ་དང་འཇམ་དབྱངས་གང་བློ་མའི་ལྗགས་ལུང་བཅས་སྩལ་ཡོད་ཅིང་། གསུང་ཆོས་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་ཧ་ཅང་མང་པོ་དང་རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་སོགས་ནས་ཀྱང་ཆོས་ཞུ་བ་ལྔ་སྟོང་བརྒལ་བ་འཛོམས་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎