༧གོང་ས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་གཏན་འཁེལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག རིང་མིན་སྤྱི་ཟླ་༡༢བའི་ཚེས་༢༠ནས་༢༣བར་ཉིན་གྲངས་བཞིའི་རིང་། གནས་མཆོག་རྡོ་རྗེ་གདན་དུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་(Internation Sangha Forum)་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་གཏན་འཁེལ་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་༡༢བའི་ཚེས་༡༥ཙམ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་གི་ཆོས་ལུགས་ཕན་ཚུན་གུས་བརྩི་དང་འཆམ་མཐུན་ཡོང་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་དང་གནང་མུས་ཡིན་པ་བཞིན། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་འབྲེལ་མཐུད་པ་སྦྱིན་པ་རྒྱ་མཚོ་ལགས་ཀྱིས། ད་རེས་ལྷན་ཚོགས་དེ་བརྒྱུད་ནང་པ་ཕན་ཚུན་བར་འཆམ་མཐུན་ངང་གནས་རྒྱུ་ཙམ་མ་ཟད། རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་བར་ཤེས་ཡོན་བརྗེ་ལེན་དང་བགྲོ་གླེང་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་རེས་རྒྱལ་སྤྱིའི་རང་བཞིན་གྱི་ནང་པའི་དགེ་འདུན་པའི་ལྷན་ཚོགས་དེ་ནི་དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་པའི་སྡེ་ཚན་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས། ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་། སིངྒ་ལའི་ནང་པའི་ལྷན་ཚོགས། སེང་གྷ་པུར་ནང་པའི་ལྟེ་གནས་ཁང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། སོག་པོའི་ནང་པའི་ཐེ་རྩ་ཁང་། ཧྥི་རན་སི་ཞི་བདེའི་འོད་སྣང་། ཀོ་རི་ཡའི་བསླབ་གསུམ་བཤད་སྒྲུབ་གླིང་། ཐེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས། དེ་བཞིན་(Vietnam)་གངས་སེང་ལྟེ་གནས་ཁང་སོགས་རྒྱལ་ཁབ་ཕྱི་ནང་གི་ནང་པའི་ཚོགས་སྡེ་༣༠ཐུན་མོང་གིས་གོ་སྒྲིག་འོག་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ནང་པའི་ཆོས་བརྒྱུད་འཛིན་མཁན་དགོན་སྡེ་ཁག་༢༠༠༠ལྷག་གི་ཆོས་ལུགས་ཀྱི་དབུ་ཁྲིད་དང་སྐུ་ཚབ། གནད་ཡོད་མི་སྣ་སོགས་མཉམ་ཞུགས་གནང་གི་ཡོད་འདུག
ཐེངས་འདིའི་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་ཐོག་ལས་འཆར་གཙོ་བོ་ཞིག་ནི། རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་བར་ཤེས་ཡོན་བརྗེ་ལེན་དང་བགྲོ་གླེང་གནང་རྒྱུ་དེ་ཡིན་པ་དང་། ལས་གཞི་དེ་ནི་དེ་སྔ་༢༠༢༢ལོར་༧གོང་ས་མཆོག་གིས་དབུ་འབྱེད་ཀྱིས། འབྱུང་འགྱུར་ལོ་ལྔའི་རིང་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་བར་ཤེས་ཡོན་བརྗེ་ལེན་གནང་ཡུལ་ཞིག་ཏུ་གྱུར་ཡོད་ཅིང་། ད་རེས་ལྷན་ཚོགས་ཐོག་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པ་༥༠ལྷན་ཞུགས་གནང་རྒྱུ་ཙམ་མ་ཟད། ཕྱོགས་གཉིས་ཀྱི་བར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་ལོ་རིམ་གཉིས་པ་དེ་བཞིན་དབུ་འབྱེད་གནང་གི་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་གི་དགེ་འདུན་པ་བསྟན་འཛིན་རྡོ་རྗེ་ལགས་ནི། རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་བར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་ཐོག་མའི་གྲས་ཡིན་པ་དང་། ད་ལྟའི་ཆར་ཁོང་གིས། ཐེ་ལེན་ཌི་ནང་དུ་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཐོག་འབུམ་རམས་པའི་སློབ་གཉེར་གནང་བཞིན་ཡོད་འདུག
གཞན་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གསལ་བསྒྲགས་གནང་བར་གཞིགས་ན། ༧གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས། སྤྱི་ཟླ་༡༢བའི་ཚེས་༢༩ནས་༣༡བར་ཁུལ་དེའི་དུས་དབང་གསུང་ཆོས་ར་བའི་ནང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་སྩལ་རྒྱུ་དང་། ཚེས་༣༡ཉིན་གྱི་སྔ་དྲོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག་པ་མ་ཟད། ༢༠༢༤ལོའི་སྤྱི་ཟླ་༡པོའི་ཚེས་༡རྒྱལ་སྤྱིའི་ལོ་གསར་ཉིན་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།