འབྲུག་ཆུ་རྫོང་དུ་ཆུ་ལོག་འོག་མི་གྲངས་༡༢༣༩རྐྱེན་ལམ་དུ་ཕྱིན་པ།
2010.08.14
༄༅༎འབྲུག་ཆུ་ས་གནས་སུ་ས་རུད་ཀྱི་གནོད་འཚེ་ཕོག་ནས་ད་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་འབོར་ཕྱིར་བསྒྲགས་བྱས་པ་ལྟར་ན་ མི་གྲངས་༡༢༣༩ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ད་དུང་ཡང་མི་གྲངས་ལྔ་བརྒྱ་ལྷག་ཙམ་གར་ཡོད་ཤེས་རྟོགས་མེད་པ་རེད།
དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་གིས་ཕྱི་ཟླ་བརྒྱད་པའི་ཚེས་༡༥ཉིན་རྒྱ་ནག་རྒྱལ་ཡོངས་སུ་ད་རེས་འབྲུག་ཆུ་ཁུལ་དུ་ས་རུད་ཀྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་ཚོར་མྱ་ངན་ཞུ་རྒྱུ་ཕྱིར་བསྒྲགས་བྱས་ཡོད་པ་དང་ དེའི་ཉིན་རྒྱ་ནག་གི་ལས་ཁུངས་ཁག་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་ལས་ཁང་སོགས་ཀྱིས་རྒྱལ་དར་ཕྱེད་ཀ་ཕབ་རྒྱུ་མ་ཟད་རྒྱལ་ཡོངས་སུ་ཉིན་གཅིག་རིང་སྤྲོ་སྐྱིད་ཀྱི་ལས་རིགས་མཚམས་འཇོག་བྱ་རྒྱུ་ཡིན་འདུག
གཞན་ཡང་ས་ཞིབ་བརྟག་དཔྱད་མི་སྣ་ཚོས་དེང་སྐབས་ས་རུད་ཀྱི་གནོད་འཚེ་ཕོག་ཡུལ་འབྲུག་ཆུ་ཁུལ་དུ་ཆར་པ་མུ་མཐུད་ནས་བབ་ཀྱི་ཡོད་པ་དང་ས་གནས་དེའི་ས་ཞིབ་གནས་སྟངས་ཐོག་ནས་ས་ཁུལ་དེའི་ནང་སླར་ཡང་ས་རུད་ཀྱི་གནོད་ཚབས་ཡོང་རྒྱུའི་ཉེན་ཚབས་ཆེན་པོ་ཡོད་པ་ བརྗོད་ཀྱི་ཡོད་པ་རེད་
ད་ལྟའི་ཆར་འབྲུག་ཆུ་ཁུལ་དུ་རོགས་སྐྱོར་ལས་དོན་སྤེལ་རྒྱུར་ཡང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་དང་ ལམ་ཁ་བཤང་མི་ཐུབ་པའི་རྐྱེན་གྱིས་རོགས་སྐྱོར་དངོས་པོ་དང་རྒྱུ་ཆ་ཁག་གནོད་འཚེ་ཕོག་ཡུལ་དུ་དབོར་འདྲེན་བྱ་ཐུབ་ཀྱི་མེད་ཅིང་ ལྷག་པར་དུ་གནོད་འཚེ་ཕོག་ཡུལ་དུ་ནད་རིམ་ཁྱབ་མདལ་མི་ཡོང་བའི་སྔོན་འགོག་ལས་དོན་ལ་ཤུགས་གནོན་རྒྱབ་དགོས་ཀྱི་ཡོད་པ་གསར་འགྱུར་རྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་བཞིན་ཡོད་པ་རེད༎