བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གཏམ་བཤད་གནང་བ།
2015.11.04

བོད་ཀྱི་ཁོར་ཡུག་སྐོར་གནད་འགག་ཆེན་པོའི་ཐོག་ནས་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་ཕྱི་དྲིལ་བཀའ་བློན་གྱིས་གསུངས་བ།
དེ་ཡང་རྒྱ་གར་གྱི་ཨ་སམ་མངའ་སྡེའི་རྒྱལ་ས་གོ་ཧ་ཌིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་ལྔ་པའི་མཇུག་བསྡོམས་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་བཤད་གནང་བའི་ནང་། རྒྱ་གར་དང་བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་ཙམ་མ་ཟད། ཆོས་དང་སྐད་ཡིག་སོགས་ཕན་ཚུན་གཉིས་དབར་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཤུགས་ཆེ་ཆགས་ཡོད་སྐོར་ངོ་སྤྲོད་གནང་ཐོག མཐོ་སྒང་བོད་ནི་རྒྱུགས་ཆུ་ཆེན་པོ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པར་བརྟེན། མཐོ་སྒང་བོད་ཀྱི་ཁོར་ཡུག་ཐོག་དོ་སྣང་དང་སེམས་ཁུར་བླང་དགོས་པ་ནི་གནད་འགག་ཅན་ཞིག་ཡིན་ལུགས་གསུངས་འདུག
དེ་བཞིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། རིང་མིན་ཧྥ་རན་སིའི་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གནད་དོན་དེ་གལ་ཆེ་ཤོས་ཀྱི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུའི་ལས་འགུལ་སྤེལ་རྒྱུ་ཡིན་ལུགས་དང་། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་ཚོགས་འདུ་གང་འདྲ་ཞིག་ཚོགས་ཀྱང་བོད་ཀྱི་ཁོར་ཡུག་སྐོར་གནད་འགག་ཆེན་པོའི་ཐོག་ནས་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུའི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུངས་འདུག
ཡང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། བོད་ཀྱི་གནད་དོན་སྐོར་རྒྱ་གར་གྱི་གཞོན་སྐྱེས་ཚོའི་ཁྲོད་གོ་རྟོགས་རྒྱ་ཆེ་སྤེལ་དགོས་པ་དེ་གལ་ཆེན་པོ་ཞིག་ཡིན་པ་དང་། རྒྱ་གར་གྱི་གཞི་རིམ་སློབ་གྲ་དང་། མཐོ་སློབ། དེ་བཞིན་གཙུག་ལག་སློབ་གྲ་ཆེན་མོའི་ནང་བོད་དོན་གོ་རྟོགས་རྒྱ་ཆེ་སྤེལ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
དེ་བཞིན་ལྷན་ཚོགས་ཐོག་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བོད་ནང་གི་ད་ལྟའི་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དྲག་གནོན་བྱེད་བཞིན་པའི་སྐོར། རྒྱལ་སྤྱིའི་ངོས་ནས་བོད་དོན་ཐོག་ཐུགས་འཁུར་དང་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་པ་སོགས་གསུངས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།