རྒྱ་ནག་གི་དམག་དོན་འགྲོ་གྲོན་ལྡབ་གཅིག་འཕར་སྣོན།
2011.03.04
༄༅༎རྒྱ་ནག་གི་དམག་དོན་འགྲོ་གྲོན་དེ་བཞིན་ལྡབ་གཅིག་ཙམ་འཕར་སྣོན་བྱས་ཡོད་འདུག རྒྱ་ནག་གི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་མགྲིན་ཚབ་པ་ལིའི་ཀྲའོ་ཤིང་གིས་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་རྒྱ་ནག་གི་དམག་དོན་འགྲོ་གྲོན་དེ་བཞིན་ན་ནིང་ལས་རྒྱ་ཆ་བཅུ་གཉིས་དང་གྲངས་ཆུང་བདུན་ཙམ་འཕར་སྣོན་བྱས་ཡོད་པའི་སྐོར་ཕྱིར་བསྒྲགས་བྱས་ཡོད་ཅིང་། ཡིན་ནའི་རྒྱ་ནག་གི་དམག་དོན་འགྲོ་གྲོན་མང་དུ་བཏང་བ་དེས་རྒྱལ་ཁབ་གཞན་སུ་འདྲ་ཞིག་ལ་ཡང་ཉེན་ཚབས་བཟོ་གཞི་ཞིག་མིན་ལུགས་བརྗོད་འདུག ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་དམག་དོན་འགྲོ་གྲོན་ལོ་རེ་བཞིན་མང་དུ་བཏང་བ་དང་ དམག་དོན་འགྲོ་གྲོན་གྱི་དངོས་ཡོད་གྲངས་འབོར་ཁ་གསལ་མེད་པ་སོགས་ཀྱིས་ཨ་རི་ ཉི་ཧོང་ རྒྱ་གར་སོགས་ཨི་ཤི་ཡའི་ཡུལ་ཁག་གིས་དོ་སྣང་དང་ སེམས་འཚབ་བྱེད་བཞིན་ཡོད་པ་རེད་ ད་རེས་ རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་མགྲིན་ཚབ་པ་ལིའུ་ཀྲའོ་ཤིང་གིས་བརྗོད་ན་ གལ་སྲིད་ད་རེས་ཀྱི་ལྷན་ཚོགས་ཐོག་རྒྱ་ནག་གི་དམག་དོན་འགྲོ་གྲོན་གྱི་གྲོས་གཞིར་གྲོས་འཆམ་བྱུང་ཚེ་ ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་རྒྱ་ནག་གི་དམག་དོན་སྔོན་རྩིས་འཆར་གཞིའི་འགྲོ་གྲོན་དེ་བཞིན་ཨ་སྒོར་ཐེར་འབུམ་༩༡དང་གྲངས་ཆུང་བདུན་ཟིན་གྱི་ཡོད་པ་དང་། ན་ནིང་ལས་རྒྱ་ཆ་བཅུ་གཉིས་ལྷག་འཕར་སྣོན་བྱས་ཡོད་ཅིང་ རྒྱ་ནག་གི་དམག་དོན་འགྲོ་གྲོན་དེ་བཞིན་རྒྱ་ནག་གི་ལོ་རེའི་སྔོན་རྩིས་འགྲོ་གྲོན་གྱི་བརྒྱ་ཆ་དྲུག་ལས་ཟིན་གྱི་མེད་ལུགས་བརྗོད་འདུག མགྲིན་ཚབ་པ་ལིའི་ཀྲའོ་ཤིང་གིས་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་རྒྱ་ནག་གི་དམག་དོན་སྔོན་རྩིས་འཆར་གཞིའི་འགྲོ་གྲོན་ཁ་སྣོན་རྣམས་མང་ཆེ་བ་དམག་དཔུང་གི་གོ་ལག་འཛུགས་སྐྲུན་དང་ དམག་དོན་སྦྱོང་བརྡར་དམག་དོན་མི་སྣ་གསོ་སྐྱོང་བྱ་རྒྱུ་སོགས་ཀྱི་ཐོག་ལ་གཏོང་རྒྱུ་ཡིན་ལུགས་དང་ རྒྱ་ནག་གིས་ག་དུས་ཡིན་ནའི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་འགྲོ་གྲོན་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་ཟད་ དམག་དོན་གྱི་འགྲོ་གྲོན་ཡང་ འཆར་གཞི་ལྡན་པའི་ཐོག་ནས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ལས་གཞིའི་ཐོག་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྟེན་ རྒྱ་ནག་གཞུང་གིས་དམག་དོན་འགྲོ་གྲོན་འཕར་སྣོན་བྱས་པ་དེས་རྒྱལ་ཁབ་གཞན་ལ་ཉེན་ཚབས་གང་ཡང་བཟོ་རྒྱུ་མིན་ལུགས་ནན་བརྗོད་བྱས་འདུག