ནེ་དར་ལེནདྲ་གྲོས་ཚོགས་ཀྱིས་༸གོང་ས་མཆོག་ལ་གདན་ཞུ།

རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་འཛེམས་པར་༸གོང་ས་མཆོག་ནེ་དར་ལེནདྲ་རྒྱལ་ཡོངས་གྲོས་ཚོགས་ནང་དུ་གདན་ཞུ་འབུལ་རྒྱུ་ཡིན་སྐོར།

2009.04.17

༄༅༎རྒྱ་ནག་གཞུང་གི་གནོན་ཤུགས་དང་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བར་གནོད་འཚེ་ཡོང་རྒྱུའི་ཉེན་ཁར་མ་འཛེམས་པར་ཡོ་རོབ་རྒྱལ་ཁབ་ནེ་དར་ལེནདྲ་ཡིས་གྲོས་ཚོགས་འཐུས་མིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་དེའི་རྒྱལ་ཡོངས་གྲོས་ཚོགས་ནང་དུ་གདན་ཞུ་འབུལ་རྒྱུ་ཡིན་སྐོར་རེས་གཟའ་ཕུར་བུའི་ཉིན་གཞུང་འབྲེལ་གསལ་སྟོན་གནང་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་དྲུག་པའི་ཚེས་ཤར་མཚམས་སུ་རྒྱལ་ཁབ་དེའི་གྲོས་ཁྱེར་ཨེམ་སི་ཌར་ཌེམ་ནང་ཆིབས་བསྒྱུར་གྱིས་ཕྱི་ཚེས་བཞི་དང་ལྔ་ཉིན་གཉིས་རིང་ཆོས་འབྲེལ་གྱི་མཛད་རིམ་ཁག་ཅིག་བསྐྱང་གནང་རྒྱུ་ཡིན་པ་རེད། ༸གོང་ས་མཆོག་གི་ནེ་དར་ལེནདྲ་ནང་གི་མཛད་རིམ་ཁག་གི་ཐོག་རྒྱ་ནག་གཞུང་གིས་རྒྱུན་དུ་གནོན་ཤུགས་སྤྲོད་བཞིན་ཡོད་པ་ལྟར་ས་ཁུལ་དེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ངོས་ནས་ནེ་དར་ལེནདྲ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་མཚན་འཁོད་ཐོག་ཡི་གེ་ཞིག་བཏང་ནས་རྒྱལ་ཁབ་དེའི་ཁྲིམས་བཟོ་ལྷན་ཚོགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གདན་ཞུ་འབུལ་རྒྱུར་མོས་མཐུན་མེད་སྐོར་བརྗོད་ཡོད་པ་རེད།

ནེ་དར་ལེནདྲ་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ས་གནས་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཀྲང་ཅུན་གྱིས་ད་ལྟ་འཛམ་གླིང་ནང་དཔལ་འབྱོར་གྱི་དཀའ་རྙོག་ཆེ་བའི་དུས་སྐབས་དེར་གནད་དོན་དེ་ཡིས་ཕྱོགས་གཉིས་ཀྱི་ཚོང་དོན་གྱི་འབྲེལ་ལམ་ལ་གནོད་འཚེ་འགྲོ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད། འོན་ཀྱང་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་འཐུས་མི་མའར་ཏེན་ཧ་ལྦར་ཀེམ་ཡིས་གསུངས་ན་གྲོས་ཚོགས་ནས་རྒྱ་ནག་གི་གཞུང་ཚབ་ཆེན་པོ་ལྷན་དུ་གནད་དོན་དེའི་ཐོག་བཀའ་མོལ་ཞུ་རྒྱུར་འབྲེལ་བ་བྱེད་ཐུབ་མེད་པ་མ་ཟད་གྲོས་ཚོགས་ནས་གོང་ཞུས་ཡི་གེ་དེ་ཕྱིར་བསྒྲགས་གནང་རྒྱུར་མོས་མཐུན་གནང་མེད་པ་རེད་ཅེས་གསུངས་པ་དང་ཡང་ཁོང་གི་མུ་མཐུད་གསུངས་ན་ང་ཚོའི་རྒྱལ་ཁབ་ཀྱིས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནད་དོན་ཁག་ལ་ཐེ་ཇུས་བྱེད་ཀྱི་མེད་ལ་རྒྱ་ནག་གཞུང་ཚབ་ཀྱི་ངོས་ནས་ཀྱང་ང་ཚོས་གུས་བརྩི་གཅིག་མཚུངས་བྱ་དགོས་པའི་ཡིད་ཆེས་ཞུ་གི་ཡོད་ཅེས་གསུངས་འདུག དེ་ག་ནང་བཞིན་གོང་ཞུས་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱིས་ཡི་གེ་ཕུལ་ཡུལ་ནེ་དར་ལེནདྲ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་ཀྱང་རྒྱལ་ཁབ་དེའི་གྲོས་ཚོགས་ནང་སུ་གདན་ཞུ་གནང་དང་མ་གནང་ཟེར་བ་དེ་གྲོས་ཚོགས་ཀྱི་འཐུས་མི་རང་གི་ཐག་གཅོད་གནང་རྒྱུ་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎