རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང།

ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སོགས་པའི་སྐོར་གླེང་སློང་གནང་འཆར།

2011.06.16

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་པའི་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ནས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་པའི་རྒྱ་ནག་ནང་གཞུང་ཕྱོགས་དང་ལྟ་བ་མི་མཐུན་པའི་མི་སྣ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་སོགས་གླེང་སློང་ཤུགས་ཆེ་གནང་འཆར་ཡོད་རུང་ དོན་སྙིང་ལྡན་པའི་གྲུབ་འབྲས་སོན་རྒྱུའི་རེ་བ་དེ་ཙམ་མེད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་གཟིགས་ཀྱི་ཡོད་པ་རེད་༎

ཕྱི་ཚེས་༡༥ཉིན་ ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་དོན་ལྷན་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཇེམ་སི་མོ་རེན་ཡིས་སྣེ་འཁྲིད་གནང་པའི་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་གི་རྒྱལ་སར་འབྱོར་ཡོད་པ་རེད་ སྐུ་ཞབས་མོ་རེན་ཡིས་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཛིན་ཁྲེན་ཤུའུ་དང་མཇལ་འཛོམས་སྐབས་རྒྱ་ནག་གཞུང་ནས་བོད་དང་ནང་སོག་ ཤིན་ཅང་ དེ་བཞིན་ཡི་ཤུ་དང་ཕ་ལུང་ཀུང་ཆོས་དད་པ་ཚོར་དམ་བསྒྲཌ་དང་དྲག་གནོན་བྱེད་པའི་གནད་དོན་གླེང་སློང་གནང་རྒྱུ་མ་ཟད་དམིགས་ཀར་ཉེ་སྔོན་ཕྱི་ཟླ་༤པའི་ཚེས་༢༡ཉིན་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་༣༠༠སྐོར་ཞིག་དགོན་པ་ནས་བཙན་འཁྲིད་བྱས་རྗེས་ གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ལ་སོགས་པའི་རྒྱ་ནག་ནང་གཞུང་ཕྱོགས་དང་ལྟ་བ་ཐ་དད་འཛིན་པའི་མི་སྣ་གར་སོང་ཆ་མེད་དུ་གྱུར་བཞིན་པར་བློ་འཚབ་གསལ་འདོན་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་ འོན་ཀྱང་Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ་མཇལ་འཛོམས་འདིའི་བརྒྱུད་དོན་དམ་གྱི་གྲུབ་འབྲས་སོན་རྒྱུའི་རེ་བ་དེ་ཙམ་མེད་པའི་གཟིགས་ཚུལ་འགྲེལ་བརྗོད་གནང་བཞག་  དེ་ཡང་ གོང་གསལ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ཕེ་ལིམ་ཀའེན་ཞུ་བས་གསུངས་ན་ ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱ་རྒྱུའི་གནད་དོན་དེ་དག་ཤོག་བུའི་སྟེང་ འདྲ་ཆགས་པོ་ཡོད་པ་ཙམ་ལས་དོན་དངོས་སུ་གྲོས་མོལ་ཕྱི་གསལ་ནང་གསལ་མེད་པ་རེད་ལ་ ལྷག་པར་དུ་འདི་ལྟ་བུའི་གྲོས་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་དང་ལག་ལེན་འགེལ་དགོས་པའི་དུས་ཚེས་གཏན་འབེབས་སོགས་གང་ཡང་མེད་པ་དང་ མ་ཟད་གྲོས་མོལ་གྱི་བརྒྱུད་རིམ་ནང་མང་ཚོགས་ཀྱི་བསམ་ཚུལ་གླེང་བ་དང་ ཡང་ན་བཏང་འཛིན་གྱི་ནུས་པ་གང་ཡང་མེད་པ་རེད་ དེར་བརྟེན་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ་དེ་དག་ དྲིལ་བསྒྲགས་ཀྱི་རྣམ་པ་ཙམ་རེད་ཅེས་སྐྱོན་བརྗོད་བྱས་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎