འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང།
2011.06.17
༄༅༎ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་དང་ཡུ་གོར་ ནང་སོག་གི་ས་ཁུལ་མང་ཚོགས་ཀྱི་ཆོས་ལུགས་རང་དབང་གི་གཙོས་ འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གིས་བཀའ་མོལ་ཞིབ་ཕྲ་ཞིག་གནང་རྒྱུ་བྱུང་སྐོར་གསུངས་ཡོད་པ་རེད་
དེ་ཡང་ཡོ་རོབ་མཐུན་ཚོགས་ཀྱིས་ཁ་ས་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱི་ལྷན་ནང་དོན་གྲོས་མོལ་གྱི་རྗེས་སུ་སྤྱི་བསྒྲགས་ཤིག་ནང་རྒྱ་ནག་གཞུང་དང་ཡོ་རོབ་མཐུན་ཚོགས་ཕྱོགས་གཉིས་ཀྱི་དབར་གྲོས་མོལ་ནང་ཉེ་ལམ་འགྱུར་ལྡོག་ཕྱིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁག་ཅིག་དང་ དམིགས་བསལ་བོད་དང་ཡུ་གོར་ནང་སོག་བཅས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྐོར་གོ་བསྡུར་ཟབ་ནན་ཞུ་རྒྱུ་བྱུང་ཞེས་དང་ ཕྱོགས་གཉིས་ཀྱི་བར་ཁྲིམས་ལུགས་དབང་འཛིན་དང་གསར་འགོད་རང་དབང་གི་མཚོན་པའི་སྨྲ་བརྗོད་རང་དབང་དང་ འགྲོ་བ་མིའི་ཐོབ་སྲུང་སྐྱོབ་གནང་མཁན་གྱི་ཁྲིམས་རྩོད་པའི་གནས་སྟངས་བཅས་ཀྱི་སྐོར་བཀའ་མོལ་ཞིབ་ཕྲ་ཞུ་རྒྱུ་བྱུང་ལུགས་བཀོད་ཡོད་པ་རེད་
ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཞུང་གི་བར་ལོ་གཉིས་རེའི་མཚམས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་སྐོར་གྲོས་མོལ་གནང་དགོས་ཀྱི་ཡོད་ཅིང་ ཐེངས་འདིའི་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་མོལ་འདི་ ཡོ་རོབ་མཐུན་ཚོགས་ཀྱི་European External Action Service ཞེས་ཕྱི་འབྲེལ་ལས་དོན་འགན་འཁུར་བ་ ཇིམ་མོ་རན་དང་ རྒྱ་ནག་གི་གྲོས་མོལ་སྐུ་ཚབ་འདི་ཕྱི་སྲིད་ལྷན་ཁང་གི་འགན་འཛིན་་ ཁྲེན་ཞུས་གཉིས་ཀྱིས་སྣེ་འཁྲིད་སྐུ་ཚབ་ཀྱི་དབར་བྱུང་ཡོད་པ་རེད་
Human Rights Watchཞེས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ ཡོ་རོབ་མཐུན་ཚོགས་ལ་གྲོས་མོལ་གྱི་གོང་ གྲོས་མོལ་གྱི་གནད་དོན་འདི་ཚོ་ ལག་ལེན་དོན་འཁྱོལ་གྱིས་ གྲུབ་འབྲས་བཏོན་རྒྱུ་ཡོད་པ་དགོས་ཀྱི་ཡོད་པ་དང་ གལ་ཏེ་དེ་ལྟར་མ་བྱུང་ཚེས་ གྲོས་མོལ་གྱི་ལས་འཆར་དེ་ཚོ་ རྒྱ་ནག་གཞུང་གིས་འདོད་དོན་ལྟར་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ རྒྱལ་སྤྱིའི་ནང་སྤྱི་ཡོངས་སུ་བགྲོ་གླེང་མི་དགོས་པ་ འགོག་ཐབས་ཀྱི་སྲིད་བྱུས་ལ་ ཕན་གྲོགས་བྱས་པ་ཞིག་འགྱུར་གྱི་རེད་ཅེས་ གསུངས་ཡོད་པ་རེད་