ནུབ་ཕྱོགས་པའི་མང་གཙོའི་ལམ་སྲོལ་རྒྱ་ནག་ནང་དར་ཁྱབ་མི་ཡོང་།
2009.01.18
༄༅༎ནུབ་ཕྱོགས་པའི་ནོར་འཁྲུལ་ཅན་གྱི་མང་གཙོའི་ལམ་སྲོལ་རྒྱ་ནག་ནང་དར་ཁྱབ་མི་ཡོང་བ་བྱ་རྒྱུ་གལ་ཆེ་བའི་སྐོར་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱིས་ཆེད་བརྗོད་སྤེལ་ཡོད་ཅིང་དེ་ནི་ཉེ་ཆར་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་ཁག་གིས་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་དགོས་པའི་སྐུལ་མ་གནང་བ་དེར་དགག་པ་བརྒྱབ་པ་ཡིན་པ་རེད།
རྒྱ་ནག་ནང་དཔལ་འབྱོར་ཉམས་རྒུད་བྱུང་སྟེ་ལས་རྩོལ་བ་མང་པོའི་འཚོ་བའི་མདུན་ལམ་ཤོར་བའི་དཀའ་ངལ་འཕྲད་བཞིན་པ་དང་ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་སློབ་ཕྲུག་གི་མང་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་ལོ་ངོ་ཉི་ཤུ་འཁོར་བའི་དུས་ཚིགས་ཉེ་བའི་སྐབས་འདིར་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ལ་ངོ་རྒོལ་ཤུགས་ཆེ་མི་ཡོང་ངམ་སྙམ་པའི་འགོ་ཁྲིད་ཚོས་ཞེད་སྣང་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་འགོ་ཁྲིད་མཐོ་གྲས་ཅ་ཆིང་ལིན་གྱིས་སྤེལ་བའི་ཆེད་བརྗོད་དེའི་ནང་རྒྱ་ནག་མི་མང་གིས་གཡོ་བ་མེད་པར་གུང་ཁྲན་ཏང་ལ་རྒྱབ་སྐྱོར་བྱེད་དགོས་པའི་གནད་དོན་གསལ་བཤད་བྱས་ཡོད་ཅིང་ནུབ་ཕྱོགས་ཡུལ་དུ་དར་བའི་སྲིད་དོན་ཚོགས་པ་གཉིས་སམ་དུ་མ་ཡོད་པའི་མང་གཙོའི་ལམ་སྲོལ་དང་ཁྲིམས་བཟོ།ཁྲིམས་འཛིན།འཛིན་སྐྱོང་བཅས་བཏང་སྙོམས་སུ་ཡོད་པའི་ལམ་ལུགས་ལ་འགོག་རྒོལ་བྱེད་དགོས་པ་དང་སྲིད་དབང་གཅིག་སྡུད་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་གནང་འདུག ཉེ་ལམ་རྒྱ་ནག་གཞུང་དང་སྲིད་དོན་ལྟ་བ་མི་མཐུན་པའི་མི་སྣ་གྲགས་ཅན་བརྒྱ་ཕྲག་མང་པོས་ཕྱི་ལོ་༢༠༠༨ལོའི་རྩ་འཛིན་ཡིག་ཆ་ཞེས་པའི་སྙན་ཞུ་དེའི་ནང་རྒྱ་ནག་ནང་རང་དབང་ཅན་གྱི་ཁྲིམས་ལུགས་དབང་འཛིན་དང་མང་གཙོའི་ལམ་སྲོལ་གཞིར་བཟུང་མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་གཞུང་འཛིན་དབུ་ཁྲིད་འདེམས་བསྐོ་བྱེད་དགོས་པའི་དགོས་འདུན་བཏོན་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཉེ་ལམ་རྒྱ་ནག་གཞུང་དང་སྲིད་དོན་ལྟ་བ་མི་མཐུན་པའི་མི་སྣ་གྲགས་ཅན་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད༎