ཅེཀ་སྲིད་འཛིན་ལ་བོད་དོན་གླེང་སློང་གནང་དགོས་པའི་གནོན་ཤུཌ།
2009.05.17
༄༅༎ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་ཉིན་འཚོག་རྒྱུའི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་བར་གྱི་ལྷན་ཚོགས་དེའི་ཐོག་གཙོ་བོ་ཕྱོགས་ཕན་ཚུན་བར་གྱི་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་ལམ་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།
ད་རེས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་བར་གྱི་ལྷན་ཚོགས་དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རག་ནང་ཚོགས་རྒྱུ་ཡིན་ཞིང་དངོས་ཡོད་བྱས་ན་ལྷན་ཚོགས་དེ་ནི་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་ཚོགས་རྒྱུའི་དུས་ཚོད་གཏན་འབེབས་ཟིན་པ་ཞིག་ཡིན་ནའང་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་རེས་མོས་ཚོགས་གཙོའི་ཐུགས་འགན་བཞེས་པའི་སྐབས་འཁེལ་ཏེ་ཁོང་གིས་པོའོ་ལེནདྲ་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པའི་རྐྱེན་གྱིས་རྒྱ་ནག་གི་ཕྱོགས་ནས་ཁོང་ཁྲོ་ཆེན་པོས་ངོ་རྒོལ་གྱི་རྣམ་པ་སྟོན་ཐབས་སུ་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེ་ད་རེས་སླར་ཡང་བསྐྱར་གསོ་བྱས་པ་ཞིག་ཡིན་པ་རེད། ད་རེས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་གི་ལྷན་ཚོགས་དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ལྦེན་ཅ་པའོ་མཉམ་ཞུགས་བྱ་རྒྱུ་ཡིན་པར་བརྟེན་ནས་ཅེཀ་ཀྱི་སྲིད་འཛིན་ལྦཀ་ལེལྦ་མཆོག་གིས་ལྦེན་ཅ་པའོ་དང་ཡོ་རོབ་ལྷན་ཁང་གི་ཚོགས་གཙོ་དེ་བཞིན་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཕྱི་སྲིད་ལས་དོན་འབྲེལ་ལམ་ཚོགས་གཙོ་བཅས་ཕོ་བྲང་དུ་ཕེབས་བསུ་ཞུ་རྒྱུ་ཡིན་པ་རེད། ཡིན་ནའང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གནང་མཁན་སོགས་ཆབ་སྲིད་ཀྱི་མི་སྣ་ཚོས་ཁོང་ཚོའི་སྲིད་འཛིན་ལྦཀ་ལེལྦ་མཆོག་དེང་སྐབས་ཟླ་བ་དྲུག་རིང་གི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་རེས་མོས་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པར་བརྟེན་ནས་ངེས་པར་དུ་ལྷན་ཚོགས་དེའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ལྷག་པར་དུ་བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གི་དཔོན་རིགས་བར་ཞི་བའི་གྲོས་མོལ་འགོ་བཙུགས་ཡོང་ཐབས་ཀྱི་གནད་དོན་ཁག་གླེང་སློང་གནང་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།