པེ་ཅིང་གི་སྤྱི་ཁྱབ་གཞོན་པར་སྲོག་ཐོག་གི་ཉེས་ཆད་བཀལ་བ།
2008.10.19
༄༅༎དེ་སྔོན་པེ་ཅིང་ཨོ་ལིམ་པིག་གི་འཛུགས་བསྐྱུན་ལས་གཞིའི་དོ་དམ་གྱི་འགན་འཁུར་བ་པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པར་ལྐོག་ཟའི་ནག་ཉེས་འོག་སྲོག་ཐོག་གི་ཉེས་ཆད་བཀལ་ཡོད་པ་ཁོ་པའི་ཁྲིམས་རྩོད་པ་དང་ཁྲིམས་ཁང་གི་ལས་བྱེད་པ་ཞིག་གིས་ཨེ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག
དེ་ཡང་པེ་ཅིང་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཡོད་པའི་ཧང་ཤུཡི་ས་གནས་ཀྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་ནས་ལིའུ་ཀྲི་ཧུཨ་ཡིས་ལྐོག་རྔན་འབོར་ཆེན་བཟས་པའི་ནག་ཉེས་བཙུགས་སྟེ་ལོ་གཉིས་ཀྱི་དུས་འགྱང་སྲོག་ཐོག་གི་ཉེས་ཆད་བཀལ་ཡོད་འདུག་ཅིང་ཁྲིམས་ཐག་དེའི་གོ་དོན་ལ་གཞིགས་ཚེ་ལོ་གཉིས་ཀྱི་བཙོན་འཇུག་དུས་ཡུན་དེའི་རིང་སྤྱི་ཚུལ་བཟང་པོ་བྱ་ཚེ་ལིའུ་སྲོག་ཐོག་གཏོང་མི་དགོས་པར་ཚེ་བཙོན་འོག་འཇོག་རྒྱུ་དེ་ཡིན་པ་རེད་
པེ་ཅིང་གི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ཟུར་པ་ལིའུས་ལྐོག་བཟས་བྱས་པའི་གནས་ཚུལ་དེ་ཟླ་བ་མང་པོའི་གོང་ནས་ཡོངས་ཁྱབ་ཡིན་ན་ཡང་ཕྱི་ཟླ་ བརྒྱད་པའི་ནང་ཨོ་ལིམ་པིག་གི་རྩེད་འགྲན་སྐབས་རྒྱ་ནག་ཐོག་རྒྱལ་སྤྱིའི་མཐོང་ཚུལ་ངན་པ་མི་ཡོང་ཆེད་གནས་ཚུལ་དེ་ཆེད་སྦས་ཡོད་པ་རེད་ལ་ད་ལྟ་ཡང་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ལིའུའི་ལྐོག་བཟས་ཀྱི་གྱོད་གཞི་དེ་དང་ཨོ་ལིམ་པིག་གི་འཆར་གཞིའི་དབར་འབྲེལ་བ་རྩ་བ་ནས་མེད་ལུགས་བརྗོད་བཞིན་ཡོད་ན་ཡང་མི་མང་པོ་ཞིག་གིས་ཨོ་ལིམ་པིག་གི་ལས་འཆར་དང་འབྲེལ་བའི་ཐོག་ནས་ལྐོག་ཟའི་གནས་ཚུལ་ཆེན་པོ་ཞིག་བྱུང་ཡོད་པར་དྭོགས་པ་ཆེན་པོ་བྱེ་དབཞིན་ཡོད་པ་རེད་
ལིའུ་ཕྱི་ལོ་༡༩༩༩ལོར་པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པར་བསྐོ་བཞག་བྱུང་ཞིང་༢༠༠༦ལོར་གུང་གྲན་ཏང་ཡོང་ནས་ཕྱིར་འབུད་བྱས་ཡོད་པ་རེད་ ཁོ་པས་གྲོང་ཁྱེར་སྤྱི་ཁྱབ་གཞོན་པའི་འགན་འཁུར་སྐབས་འཛུགས་བསྐྲུན་ཁེ་གཉེར་ལས་ཁང་ཁག་ནས་ལྐོག་རྔན་བླངས་ཏེ་པེ་ཅིང་གྲོང་ཁྱེར་ནང་ཁང་པ་གསར་རྒྱག་བྱ་ཆོག་པའི་ཆོག་མཆན་སྤྲོད་པ་སོགས་ཁོ་པའི་ཐོག་ཁྲིམས་ཐོག་ནས་གྱོད་གཞི་རྣམ་གྲངས་མི་འདྲ་བ་བཅུ་བཙུགས་ཡོད་པ་ཁོང་གི་ཁྲིམས་རྩོད་པས་བརྗོད་འདུག་པར་མ་ཟད་སྲོག་ཐོག་ཁྲིམས་གཅོད་དེ་ནི་དྲང་བདེན་ཞིག་མིན་པ་དང་སླར་ཡང་ཞུ་གཏུག་བྱ་རྒྱུ་ཡིན་པ་བརྗོད་འདུག