རྒྱ་གཞུང་གིས་བོད་ཁྱིམ་སློབ་ཟུར་གཉིས་ལ་ཁྲིམས་བཅད་བཏང་བ།
2009.10.12
༄༅༎བཙན་བྱོལ་བོད་གཞུང་གི་དྲ་འཕྲིན་གྱི་ནང་གནས་ཚུལ་ཐོན་གསལ་ལྟར་བོད་མི་བཙན་བྱོལ་དུ་སླེབས་པའི་ཁྲོད་ནས་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཟུར་པ་གཉིས་ལ་རྒྱ་ནག་གཞུང་གིས་དུས་ཡུན་ལོ་བཅུ་བཞི་དང་བཅོ་ལྔ་བར་གྱི་བཙོན་བཅུག་གི་ཁྲིམས་བཅད་བཏང་ཡོད་པའི་གནས་ཚུལ་ཐོན་བཞག
དེའང་སྔ་ལོ་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ཟླ་བ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱུང་བའི་རྗེས་ལྷ་ས་གྲོང་ཁྱེར་སྤྱི་སྡེ་ཚན་པས་བོད་ནང་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་པའི་བོད་རིགས་ན་གཞོན་བསྟན་འཛིན་ཆོས་གྲགས་དང་མིག་དམར་དོན་འགྲུབ་གཉིས་ཁག་སོ་སོར་འཛིན་བཟུང་བྱས་རྗེས་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་སྔ་ལོ་སྤྱི་ཟླ་བཅུ་པའི་ཚེས་ཉི་ཤུ་བདུན་ཉིན་མིག་དམར་དོན་གྲུབ་ལགས་སུ་གསང་མྱུལ་གྱི་ཉེས་མིང་ཐོག་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བཟོས་པ་དང་དེ་བཞིན་བསྟན་འཛིན་ཆོས་གྲགས་ལགས་སུ་སྤྱི་ཟླ་གསུམ་པའི་ངོ་རྒོལ་ནང་བཞུགས་པའི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བཟོས་པ་མ་ཟད་རྒྱ་མིའི་སྒོར་མི་ཁྲི་གཅིག་ལྷག་གི་དངུལ་ཆད་བཏང་སྟེ་ད་ལྟ་ཆུ་ཤུལ་བཙོན་ཁང་གི་ནང་དུ་ངལ་རྩོལ་བསྒྱུར་བཀོད་བྱེད་པར་བཏང་ཡོད་པའི་གནས་ཚུལ་ཐོན་བཞག
གོང་གསལ་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་མིག་དམར་དོན་འགྲུབ་ལགས་རྒྱ་གར་ནང་སློབ་ཐོན་རྗེས་བོད་ལ་ཕྱིར་ལོག་གིས་ལྷོ་ཁ་དང་ལྷ་ས་བཅས་པར་ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུའི་སྤྱི་ཚོགས་ཞབས་ཞུའི་ལས་འཆར་ལ་རྒྱབ་སྐྱོར་གནང་མཁན་ནུབ་ཕྱོགས་པའི་མི་སྣ་ཁག་གི་སྐད་བསྒྱུར་སོགས་ཀྱི་ལས་ཀ་བྱེད་པའི་སྐབས་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་བཙོན་བཅུག་བྱས་ཡོད་པ་དང་དེ་བཞིན་བསྟན་འཛིན་ཆོས་གྲགས་ལགས་ཀྱང་རྒྱ་གར་ཁུལ་ནས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ནས་སློབ་སྦྱོང་ཐོན་རྗེས་བོད་ནང་རང་གི་སྐྱེས་མའི་སར་བསྐྱོད་པ་དང་ཆབས་ཅིག་བོད་ཀྱི་སྤྱི་ཚོགས་ནང་ནུབ་ཕྱོགས་པའི་ཚོགས་སྡེ་དང་རྒྱ་གྲམ་དམར་པོའི་རོགས་ཚོགས་ཁུར་ཡུག་འབྱུང་ཁམས་སྲུང་སྐྱོབ་སོགས་ཀྱི་ལས་དོན་ནང་ཕྱག་ལས་གནང་མྱོང་ཡོད་པ་ཞིག་རེད།
འོན་ཀྱང་ཁོང་གིས་སྔ་ལོ་སྤྱི་ཟླ་གསུམ་པའི་ནང་བོད་མིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ཞི་རྒོལ་བྱེད་སྐབས་རྒྱ་མིའི་གསང་བའི་བརྙན་འཕྲིན་དཔར་ཆས་ནང་དཔར་ལེན་ཡོད་ལུགས་བརྗོད་དེ་ཁོང་འཛིན་བཟུང་གིས་ཁོང་གི་ཡབ་དེ་སྔོན་བོད་ནང་རྒྱ་མིའི་བཙན་འོག་ཏུ་གནས་མི་ཐུབ་པར་རྗེས་སུ་རྒྱ་གར་བཞུགས་སྒར་ཁུལ་དུ་གཏན་སྡོད་གནང་བཞིན་ཡོད་པ་ཁོང་གིས་ངན་སྐུལ་བྱས་ཡོད་པའི་ཉེས་བཙུགས་སོགས་ད་ལྟ་ཁོང་བཙོན་ཁང་ནང་ལོ་བཅུ་བཞི་ནས་བཅོ་ལྔ་བར་བཙོན་བཅུགས་བྱས་ཡོད་པའི་གནས་ཚུལ་བཀོད་བཞག།