སྤྱི་འཐུས་ནས་བཅིངས་བཀྲོལ་དུས་དྲན་ངོ་རྒོལ་གྱི་གྲོས་ཆོད་བཞག
2009.03.27
༄༅༎བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དུ་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་བཀྲོལ་ཡར་ལངས་ཐོབ་པ་ཟེར་བའི་དུས་དྲན་སྤེལ་རྒྱུར་ངོ་རྒོལ་གྱི་གྲོས་ཆོད་ཞིག་འཇོག་གནང་མཛད་འདུག
ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བདུན་ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་བདུན་པའི་མཇུག་སྒྲིལ་སྐབས་རྒྱ་ནག་གཞུང་གིས་ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ཉིན་མོར་བོད་ནང་དུ་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་བཀྲོལ་ཐོབ་པ་ཞེས་པའི་ཉིན་མོའི་དུས་དྲན་དང་བོད་ནང་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ལྔ་ཅུ་འཁོར་བའི་དུས་དྲན་ཟེར་བ་གཏན་འབེབས་བྱས་ནས་དྲིལ་བསྒྲགས་ཀྱི་ལས་འཆར་སྣ་ཚོགས་སྤེལ་བཞིན་ཡོད་པར་ངོ་རྒོལ་ཐ་གཅིག་ཏུ་བྱ་རྒྱུའི་གྲོས་ཆོད་འཇོག་གནང་ཡོད་པའི་སྐོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་ཡོད་པ་རེད།
ད་རེས་ཀྱི་གྲོས་ཚོགས་དེའི་ཐོག་གཏན་འབེབས་བྱུང་བའི་གཞིས་ལུས་བོད་མིའི་ཁྲོད་ནས་རང་སྲོག་བློས་བཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཚོར་རྗེས་དྲན་ཆེད་དྲན་རྟེན་རྡོ་རིང་ཞིག་བཞེངས་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང་དེར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་རྣམས་ཀྱིས་སྒོར་གསུམ་རེ་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་རྣམས་ཀྱིས་ཨ་སྒོར་གཅིག་རེ་བསྡུ་རུབ་གནང་ནས་བཙན་བྱོལ་བོད་མི་ཡོངས་ཀྱི་སེམས་དོན་མཚོན་པ་བྱེད་ཀྱི་ཡིན་ཞེས་གསུང་འདུག་