སྤྱི་འཐུས་ལྷན་ཚོགས་ནས་འཛམ་གླིང་དབུ་འཁྲིད་ཚོར་འབོད་སྐུལ།
2012.02.11
༄༅༎བདུན་འདིའི་ནང་བོད་ནང་སྐུ་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་དང་བོད་མི་གཉིས་རྒྱའི་མེ་མདའི་འོག་ཚེ་སྲོག་ཤོར་བའི་གནས་སྟངས་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱིས་སླར་ཡང་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་ནང་དྲག་གནོན་བྱེད་རྒྱུ་དེ་མཚམས་འཇོག་དང་འཛམ་གླིང་གི་དབུ་འཁྲིད་རྣམས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་འགན་འཁུར་ཆེ་ཙམ་ལེན་ནས། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད། རེས་གཟའ་པ་སངས་ཉིན་གྱི་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་བསྒྲགས་དེའི་ནང་། ཕྱི་ཚེས་ ༨ སྟེ་འཛམ་གླིང་གི་ས་ཕྱོགས་གང་སར་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེས་ཀྱི་ལས་འགུལ་སྤེལ་བའི་ཉིན། བོད་ནང་ཡང་རྒྱའི་དམ་དྲག་ཅི་ཆེ་ཡོད་མིན་ལ་མ་སྟོས་པར་བོད་མི་སྟོང་ཕྲག་མང་པོས་ལྷ་དཀར་གྱི་ལས་འགུལ་སྲུང་བརྩི་ཞུས་ནས་སྨོན་ལམ་གསོག་གྲུབ་གནང་ཡོད་པའི་སྐོར་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་པ་རེད། སྤྱི་འཐུས་ལྷན་ཁང་གི་སྤྱི་བསྒྲགས་དེའི་ནང་བདུན་འདིའི་ནང་བོད་ཀྱི་ཨ་མདོ་རྔ་བ་ས་ཁུལ་ནང་བོད་མི་ཞིག་གིས་ཡང་བསྐྱར་རང་གི་སྐུ་ལུས་ཞུགས་འབུལ་གནང་བ་དང་གཞན་ཡང་བོད་ཀྱི་ཁམས་ས་ཁུལ་དུ་བོད་མི་གཉིས་ལ་རྒྱ་མིས་མེ་མདའ་བརྒྱབ་ནས་དམར་གསོད་བཏང་བ་སོགས་ཀྱི་སྐོར་བཀོད་ཡོད་པ་རེད༎