༡༩༨༩ལོའི་ངོ་རྒོལ་སྣེ་ཁྲིད་པ་རྣམ་པས་རྒྱ་ནག་ལ་རེ་འདུན།
2012.04.08
༄༅༎དེ་སྔ་༡༩༨༩ ལོའི་རྒྱ་ནག་གི་དམངས་གཙོའི་སློབ་ཕྲུག་གི་ལས་འགུལ་སྣེ་ཁྲིད་གནང་མཁན་དང་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་རྒྱུའི་ལས་འགུལ་སྤེལ་མཁན་ཕྱིའི་རྒྱལ་ཁབ་ཏུ་སྐྱབས་བཅོལ་དུ་སླེབས་པ་ཚོས། རྒྱ་ནག་གཞུང་ལ་ཁོང་རྣམས་རྒྱ་ནག་ཏུ་འགྲོ་བསྐྱོད་ཆོག་པའི་རེ་འདུན་བཏོན་བཞིན་ཡོད་པ་རེད།
དེ་ཡང་༡༩༨༩ ལོའི་རྒྱ་ནག་གི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སྣེ་ཁྲིད་དང་དམངས་གཙོའི་ལས་འགུལ་སྤེལ་མཁན་ལྦང་རྡན་དང༌། ལྦུཨེར་ཀའེ་ཤི། ཧུ་ཕིང༌། ལྦང་ཇུན་ཐའོ། ལྦུ་རེན་ཧུའ། ཤིའང་ཤའོ་ཇི་སོགས་ལ་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་ཁོང་ཚོིའི་ལག་འཁྱེར་སྤ་སེའི་དུས་ཚོད་ཤི་བ་བསྐྱར་དུ་གསར་པ་མི་སྤྲོད་པ་མ་ཟད། ཁོང་ཚོའི་ལག་འཁྱེར་སྤ་སེ་ཕྱིར་བསྡུ་བྱས་པའམ་ཡང་ན་རྒྱ་ནག་ནང་དུ་འཛུལ་དུ་བཅུག་གི་མེད་པར་བརྟེན་ཁོང་ཚོས་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་ལ་ཡི་གེ་ཞིག་བྲིས་པའི་ནང། ང་ཚོ་རྒྱལ་ཁབ་ནང་ཕྱིར་ལོག་བྱ་ཆོག་པའི་ཐོབ་ཐང་བཙན་འཕྲོག་བྱེད་ཀྱི་འདུག་ཅེས་དང༌། རྒྱ་ནག་མི་དམངས་ཁྲོད་ཆབ་སྲིད་ལྟ་ཚུལ་ལམ་བསམ་ཚུལ་མི་མཐུན་དང་ལྟ་བ་མི་འདྲ་བ་འཛིན་མཁན་རེད་ཅེས་རང་ཉིད་ཀྱི་རྒྱལ་ཁབ་ནང་དུ་ཕྱིར་ལོག་བྱེད་མི་ཆོག་པའི་སྲིད་ཇུས་རྙིང་པ་མཚམས་འཇོག་བྱ་དགོས་པ་དང༌། ཁོང་ཚོའི་ངོས་ནས་དཀའ་ངལ་དེ་སེལ་ཐབས་ལ་རྒྱ་ནག་གཞུང་དང་གྲོས་མོལ་བྱ་རྒྱུའི་འདུན་པ་ཡོད་པའི་སྐོར་སོགས་བཀོད་ཡོད་པ་རེད། གོང་གསལ་སྙན་ཞུ་རྒྱབ་མཁན་གྱི་དམངས་གཙོ་དོན་གཉེར་ཅན་དྲུག་གི་ནང་ནས་ལྦང་རྡན་དང་ལྦའེར་ཀའེ་ཤི་གཉིས་ནི། ༨༩ ལོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སྣེ་ཁྲིད་མཁན་ཡིན་པ་དང༌། རྒྱ་ནག་གཞུང་གིས་ལྦང་རྡན་ལ་
༡༩༩༡ ལོར་མི་ལོ་བཞི་ཡི་བཙོན་འཇུག་ཉེས་ཆད་བཏང་སྟེ། ༡༩༩༣ ལོར་བཙོན་ནས་གློད་བཀྲོལ་བཏང་ཡོད་ཀྱང༌། ཁོང་གིས་བྲིས་པའི་དམངས་གཙོའི་རྩོམ་ཡིག་ཕྱི་རྒྱལ་ཁབ་ནང་པར་སྐྲུན་བྱས་པར་བརྟེན་ནས་སླར་ཡང་མི་ལོ་༡༡ གི་བཙོན་འཇུག་ཉེས་བཅད་བཏང་ཡོད་པ་རེད། ཁོང་ཨ་རིའི་སླེབས་པ་དེ་ནི། སྐབས་དེར་ཨ་རིའི་སྲིད་འཛིན་སྦིལ་ཀི་ལིན་ཀྲེན་རྒྱ་ནག་ཏུ་འཚམས་འདྲི་མ་ཕེབས་ཙམ་ལ་སྨན་བཅོས་ཀྱི་མིང་ཐོག་ནས་ཨ་རིའི་ཕྱིར་འབུད་བྱས་པ་ཞིག་ཡིན་ཞིང༌། ལྦུ་ཨེར་ཀའེ་ཤི་ནི་ཡུ་གུར་མི་རིགས་ཡིན་པ་དང༌། ཧོང་ཀོང་དུ་བྲོས་བྱོལ་དུ་ཕྱིན་པ་དང༌། ད་ཆ་ཐེ་དབན་དུ་གནས་སྡོད་བྱེད་ཀྱི་ཡོད་པ་རེད། ཧུ་ཕིང་ནི་བེ་ཇིང་ཁྲི་ཁྲུན་ནམ་པེ་ཅིང་གི་དཔྱིད་ཀ་ཞེས་པའི་དམངས་གཙོའི་དུས་དེབ་ཐོག་ཕྱག་ལས་གནང་མཁན་ཞིག་ཡིན་པ་རེད།།