བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་བློ་འཚབ།
2012.06.01
༄༅༎བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་བརྒྱ་ཕྲག་མང་པོ་བཀག་ཉར་དང་བོད་བྱང་ཤར་ཁུལ་དུ་དམ་བསྒྲགས་ཆེ་རུ་བཏང་རྗེས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་འཚབ་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
བོད་བྱང་ཤར་ཁུལ་དུ་སླར་ཡང་བོད་པའི་བེུད་ཅིག་གིས་རང་ལུས་མེར་སྲེག་བཏང་རྗེས་ཁུལ་དེར་ རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་ཤུགས་ཆེ་རུ་བཏང་བ་མ་ཟད་ ལྷག་པར་དུ་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུའང་བོད་མི་བརྒྱ་ཕྲག་མང་པོ་ཞིག་དམ་བསྒྲགས་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་འཚབ་ཡོད་ བོད་བྱང་ཤར་ཨ་མདོ་རྔ་པ་བར་མ་ནང་ཡོད་པའི་ཛམ་ཐང་ཇོ་ནང་དགོན་པའི་ཉེ་འཁྲིས་སུ་རང་ལོ་༣༦ཡིན་པ་ཕྲུ་གུ་གསུམ་གྱི་ཨ་མ་རི་ཀྱོ་ལགས་ཀྱིས་ཕྱི་ཟླ་༥པའི་ཚེས་༣༠ཉིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་ སྐབས་དེར་ས་གནས་བོད་མི་ཁག་ཅིག་གིས་རི་ཀྱོ་ལགས་ཀྱི་སྐུ་ཕུང་ཛམ་ཐང་དགོན་པའི་ནང་འཁྱེར་ཏེ་ ཛམ་ཐང་དགོན་པའི་དགེ་འདུན་པ་སྟོང་ཚོ་བརྒལ་བས་སྨོན་ལམ་གསུང་འདོན་གནང་ཡོད་ཅིང་ གནས་ཚུལ་དེ་བྱུང་མ་ཐག རྒྱ་ནག་ས་གནས་སྲིད་གཞུང་གིས་རི་སྐྱོ་ལགས་ཀྱི་སྐུ་ཕུང་འཕྲལ་མར་ཞུགས་འབུལ་མ་བྱས་ཚེ་བཙན་འཕྲོག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བཏང་བར་བརྟེན་ཛམ་ཐང་དགོན་པའི་ཉེ་འདབས་སུ་ཉིན་དེའི་མཚན་མོ་ཆོུད་༡༡ཙམ་ལ་སྐུ་ཕུང་ཞུགས་འབུལ་བྱེད་དགོས་ཐུག་ཡོད་ སྐུ་ཕུང་ཞུགས་འབུལ་སྐབས་ཆར་པ་ཤུགས་ཆེ་འབབ་མིན་ལ་མ་ལྟོས་པར་ཛམ་ཐང་དགོན་པའི་དགེ་འདུན་པ་གཙོ་བོར་གྱུར་བའི་ས་གནས་བོད་མི་བཅས་ཁྱོན་མི་གྲངས་༥༠༠༠ལྷག་འདུ་འཛོམས་བྱུང་ཡོད་འདུག ཡང་བོད་ཀྱི་རྒྱལ་ས་ལྷ་སར་རེས་གཟའ་ཉི་མའི་ཉིན་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་ རྒྱ་མིའི་ཉེན་རྟོག་མི་སྣ་དང་ དམག་མིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད་ བོད་མི་༦༠༠ཙམ་བཀག་ཉར་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནས་འབྱོར་བའི་བོད་མི་རྣམས་ཕྱིར་བུད་བྱེད་བཞིན་ཡོད་འདུག ད་བར་བོད་ནང་བོད་མི་༣༨གྱིས་བོད་ལ་རང་དབང་དགོས་པ་དང་ ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཏེ་རང་ལུས་མེར་སྲེག་བཏང་ཡོད་པའི་ཁོངས་ནས་བོད་མི་༢༩འདས་གྲོངས་སུ་གྱུར་ཡོད་པ་དང་ གཞན་རྣམས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པའམ་ཡང་ན་ཕན་མེད་ཆགས་ཡོད་པ་མ་ཟད་ རང་ལུས་མེར་སྲེག་གཏོང་མཁན་བོད་མི་ལྔ་ད་ལྟའི་ཆར་ གང་དུ་ཡོད་པ་དང་ གནས་སྟངས་ཇི་ཡིན་གྱི་གནས་ཚུལ་ཤེས་རྟོག་གང་ཡང་ཐུབ་ཀྱི་མེད་པ་རེད་