རྒྱ་ནག་གིས་ཕྱོཌ་བཞི་ནས་རྒྱ་གར་མཐའ་བསྐོར་ཡོད།
2011.05.23
༄༅༎བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་བློན་ཁྲི་པར་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་ ༢༠འི་ཉིན་ ཚད་མཐོའི་མང་མོས་ཐོག་ནས་འོས་འདེམས་ཞུས་པ་སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱིས་ རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་ཨེན་ཌི་ཀྲི་ལྦི་(NDTV)ཞེས་པར་རྒྱ་ནག་གིས་ཕྱོགས་བཞི་ནས་རྒྱ་གར་མཐའ་བསྐོར་གྱི་ཡོད་པ་རེད་ཅེས་རྒྱ་གར་གཞུང་ལ་ཉེན་བརྡའི་ཚུལ་དུ་གསུངས་ཡོད་པ་རེད་ པཀིསིཏན་དང་ ཤི་རི་ལང་ཀ་ སྦང་ལ་རྡེཤ་ བལ་ཡུལ་བཅས་ ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དེ་ཚོའི་ཆབ་སྲིད་སོགས་ གནད་དོན་གང་ཅིའི་ཐོག་ལ་རྒྱ་ནག་གིས་སོ་སོའི་གནོན་ཤུགས་རྒྱ་བསྐྱེད་གཏོང་ཐབས་བྱས་དང་བྱེད་བཞིན་པ་ནི་ ཚང་མས་མཐོང་ཆོས་སུ་གྱུར་པའི་གནས་ཚུལ་རེད་ཅེས་དང་ ངའི་ངོས་ནས་ རྒྱ་ནག་གིས་རྒྱ་གར་ཐོག་ལ་དམིགས་ཡུལ་ག་རེ་བཟུང་གི་ཡོད་པ་དེ་ཇི་མ་ཇི་བཞིན་རྒྱ་གར་གཞུང་ལ་དྲན་སྐུལ་བྱེད་རྒྱུ་དང་ དེ་མིན་ན་ དངོས་ཡོད་གནས་ཚུལ་དེ་ཚོ་ མངོན་གསལ་དོད་དུ་གཏོང་རྒྱུ་དེ་རང་ཡིན་ རྒྱ་ནག་གིས་རྒྱ་གར་ཐོག་ལ་བཟུང་བའི་སྲིད་བྱུས་དེ་ཚོར་གདོང་ལེན་ག་འདྲ་བྱེད་དང་མི་བྱེད་ཀྱི་ཐག་གཅོད་དེ་ རྒྱ་གར་གཞུང་གི་འགོ་ཁྲིད་ཚོས་གནང་དགོས་ཞེས་ རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་ཨེན་ཌི་ཀྲི་ལྦི་ཞེས་པར་གསུང་ཡོད་པ་རེད་ ཁོང་གིས་སྐབས་དེར་ རྒྱ་གར་གཞུང་གིས་རྒྱ་ནག་གཞུང་དང་ལྷན་དུ་ཡུལ་གཉིས་དབར་གྱི་འབྲེལ་བའི་ཐད་ བཀའ་མོལ་གནང་སྐབས་བོད་ཀྱི་མ་འོངས་པའི་ཆབ་སྲིད་གནས་བབ་སྐོར་གླེང་སློང་གནང་རྒྱུ་དེ་བཞིན་རྒྱ་གར་གཞུང་གིས་གཞི་རྩའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་བའི་རེ་འདུན་ཡང་བཏོན་གནང་ཡོད་པ་རེད།