བཙན་བྱོལ་བོད་མི་ཚོས་དོན་གྲུབ་དབང་ཆེན་ལ་རྒྱབ་སྐྱོར།

བཙན་བྱོལ་བོད་མི་ཚོས་དོན་གྲུབ་དབང་ཆེན་ལགས་འཕྲལ་མར་གློད་འགྲོལ་ཡོང་ཐབས་ཀྱི་ལས་འགུལ་འདྲ་མིན་སྤེལ་གནང་འདུག

2009.08.01

༄༅༎རྒྱ་ནག་གིས་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་འཛིན་བཟུང་བྱས་པའི་བོད་ནང་གི་བོད་མི་ཁག་ཅིག་གི་བསམ་ཚུལ་པར་ལེན་གནང་མཁན་དོན་གྲུབ་དབང་ཆེན་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པར་བཙན་བྱོལ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བློ་འཚབ་ཆེན་པོ་གནང་བའི་ཐོག་ནས་ཁོང་འཕྲལ་མར་གློད་འགྲོལ་ཡོང་ཐབས་ཀྱི་ལས་འགུལ་འདྲ་མིན་སྤེལ་གནང་འདུག

བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་ཚོགས་པ་ལྔས་ཁ་ས་ཉིན་གང་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ལ་རྒྱ་ནག་གཞུང་ཐོག་དོན་གྲུབ་དབང་ཆེན་ལགས་འཕྲལ་མ་ཉིད་དུ་གློད་འགྲོལ་ཡོང་བའི་གནོན་ཤུགས་སྐྱོན་དགོས་པའི་ཞུ་སྙན་ཐོག་མང་ཚོགས་ཀྱི་རྒྱབ་སྐྱོར་ས་རྟགས་འདུ་རུབ་གནང་ཡོད་པ་དང་ཉིན་རྒྱབ་གཙུག་ལག་ཁང་གི་མདུན་མར་མེའི་མཆོད་འབུལ་གྱི་འདུ་འཛོམས་ཤིག་ཀྱང་གནང་འདུག

ལས་འགུལ་གོ་སྒྲིག་གནང་མཁན་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་དང་དབུས་བུད་མེད་ལྷན་ཚོགས།དགུ་བཅུ་གསུམ་ཚོགས་པ་དང་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ།བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཚོགས་པ་ལྔ་ཡིན་པ་དང་གཙུག་ལག་ཁང་མདུན་མང་ཚོགས་འདུ་འཛོམས་སར་གོང་ཞུས་ཚོགས་པ་ལྔའི་སྐུ་ཚབ་ཚོས་གསུང་བཤད་གནང་བ་དང་དོན་གྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོ་ལགས་ཀྱིས་གཏམ་བཤད་གནང་བའི་རྗེས་མང་ཚོགས་ལ་འཇིགས་བྲལ་གློག་བརྙན་བསྟོན་གནང་འདུག

དེ་བཞིན་ཡུ་རོབ་ཁུལ་ཇར་མ་ནིའི་གྲོང་ཁྱེར་ཕེ་རེང་ཕ་ཊེ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་མདུན་དུ་བོད་རང་བཙན་དོན་གཉེར་བ་མི་གྲངས་ཉི་ཤུ་མན་ཙམ་ཞིག་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་དོན་གྲུབ་དབང་ཆེན་ལགས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་དགོས་འདུན་བཏོན་པ་དང་འབྲེལ་བོད་ཀྱི་རྒྱལ་དར་འཕྱར་བཞིན་སྐད་འབོད་ཤུགས་ཆེ་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎