ཤིན་ཅང་གི་རྒྱལ་སའི་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
2010.07.04
༄༅༎རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་ནང་སྔ་ལོ་ཕྱི་ཟླ་བདུན་པའི་ནང་ས་གནས་ཡུ་གུར་མི་རིགས་དང་རྒྱ་ཧན་མི་རིགས་གཉིས་དབར་མི་མཐུན་པའི་ཟིང་འཁྲུག་བྱུང་བའི་ལོ་འཁོར་དུས་དྲན་འཆར་ལ་ཉེ་བ་དང་བསྟུན་ནས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག
སྔ་ལོའི་ཕྱི་ཟླ་བདུན་པའི་ཚེས་༥ཉིན་ཤར་ཏུར་ཀིསི་ཐན་ནང་གྲངས་ཉུང་མི་རིགས་སུ་གྱུར་བའི་ས་གནས་ཡུ་གུར་ཁ་ཆེའི་མི་རིགས་ཚོས་ལོ་མང་རིང་རྒྱ་ནག་གཞུང་གིས་ཡུལ་མིའི་ཐོག་དྲག་གནོན་བྱས་པའི་ཁོང་ཁྲོ་སྟོན་ཏེ་གྲངས་མང་རྒྱ་ཧན་མི་རིགས་ཐོག་ཕར་རྒོལ་བྱས་ཏེ་མི་རིགས་གཉིས་དབར་ཟིང་ཁྲུག་བྱུང་བའི་ནང་མི་གྲངས་༢༠༠་རྐྱེན་ལམ་དུ་ཕྱིན་པ་དང་མི་གྲངས་༡༧༠༠་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང་ད་དུང་ཡང་མི་རིགས་གཉིས་དབར་མི་མཐུན་པའི་འགལ་ཟླ་ཡོད་མུས་ཡིན་པས་སྔ་ལོ་དང་མཚུངས་པའི་ཟིང་ཆ་ཡོང་བའི་ཞེད་སྣང་དངངས་སྐྲག་ཡོད་པ་རེད་ སྔ་ལོ་རྒྱལ་ས་ཨུ་རུམ་ཆིའི་ནང་ཟིང་ཆ་བྱུང་བའི་ལོ་འཁོར་དུས་ཆེན་དེ་བཞིན་དེ་རིང་འཁེལ་གྱི་ཡོད་པར་བརྟེན་ནས་ས་གནས་རྒྱ་མིའི་ཉེན་རྟོག་མི་སྣས་རང་ལོ་༤༦་ལ་སོན་པའི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པ་ཨབ་རྡུ་ལའ་ལ་རང་གི་ཁྱིམ་ཚང་ནང་སྡོད་དགོས་པ་དང་རྒྱལ་སའི་ནང་འགྲོ་མི་ཆོག་པའི་སྐོར་བཙན་བཀའ་བཏང་འདུག་ལ་ ལོ་འཁོར་དུས་དྲན་དེ་འཆར་ལ་ཉེ་བ་དང་བསྟུན་ནས་ས་གནས་རྒྱ་མིའི་ཉེན་རྟོག་མི་སྣས་ཟིང་འཁྲུག་ཞོད་ཆགས་སུ་གཏོང་རྒྱུའི་སྦྱོང་བརྡར་ཧ་ལས་པའི་མང་པོ་བྱེད་ཀྱི་ཡོད་པ་མ་ཟད་ རྒྱལ་ས་ཨུ་རུམ་ཆི་ཁྱོན་ཡོངས་ནས་གསོ་བལྟའི་པར་ཆས་༤༠༠༠༠་ལྷག་བཙུགས་འདུག ཡང་སྔ་ལོ་ཟིང་འཁྲུག་བྱུང་ཡུལ་རྒྱལ་ས་ཨུ་རུམ་ཆིའི་ནང་གི་ཐང་ཆེན་དེ་བཞིན་ད་ཆ་ཞིག་བཟོ་བྱེད་ཀྱི་ཡོད་ཁུལ་བརྗོད་དེ་མི་མང་གཏོང་གི་མེད་པ་རེད་ དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྔ་ལོ་རྒྱལ་ས་ཨུ་རུམ་ཆིའི་ནང་ཟིང་ཁྲུག་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་ཚོའི་སྐོར་རང་དབང་ཅན་དང་ཕྱོགས་རིས་མེད་པའི་དཔྱད་ཞིབ་བྱེད་དགོས་སྐོར་ཁ་ས་དགོས་འདུན་བཏོན་ཡོད་པའི་གནས་ཚུལ་འདུག།