རྒྱ་ནག་ཀན་སུ་ཁུལ་དུ་མེ་སྐྱོན་གྱིས་མི་མང་པོ་ཁྱིམ་མེད་དུ་གྱུར།
2011.01.09
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ནུབ་བྱང་ཀན་སུ་ཞིང་ཆེན་ནང་མེ་སྐྱོན་ཚབས་ཆེ་བྱུང་སྟེ། མི་དམངས་༢༧༠ལྷག་གི་སྡོད་ཁྱིམ་མེད་པའི་དཀའ་ངལ་དུ་ལྷུངས་ཡོད་པའི་སྐོར་དེ་རིང་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
དེ་ཡང་འབྲེལ་ཡོད་འབྲུག་ཆུ་ས་གནས་གཞུང་གི་དཔོན་རིགས་རུས་མིང་དབྱང་ཟེར་བས་འགྲེལ་བརྗོད་བྱས་པར་གཞིགས་ན། དེ་རིང་སྔ་དྲོ་ཀན་སུ་ཞིང་ཆེན་གྱི་ཆའ་ལྦ་གྲོང་གསེབ་ས་ཁུལ་ནང་གི་མི་དམངས་ཀྱི་སྡོད་ཁྱིམ་ལ་མེ་སྐྱོན་བྱུང་སྟེ། གནམ་གཤིས་གྲང་ངར་དེའི་ནང་མི་གྲངས་༢༧༠ལྷག་ལ་སྡོད་ཁྱིམ་མེད་པར་གྱུར་ཡོད་པ་དང། འོན་ཀྱང་རང་འབྱུང་གྱི་གནོད་འཚེ་དེའི་ནང་མི་ཤི་རྨས་ཀྱི་རྐྱེན་ངན་བྱུང་མེད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།
ད་དུང་ས་གནས་ཀྱི་མགྲིན་ཚབ་པ་ཞིག་གིས་། གྲོང་གསེབ་ས་ཁུལ་དེའི་ནང་གི་ཁང་པ་རྣམས་མང་ཆེ་བ་ཤིང་ལས་བཟོ་སྐྲུན་བྱས་པར་བརྟེན་ནས་ཁང་པར་མེ་འབར་བདེ་བ་དང༌། ས་གནས་ཀྱི་གནམ་གཤིས་གྲང་ཚད་ནི་ཀླད་སྐོར་འོག་གི་ཨང་གྲངས་བཞི་ལ་སླེབས་རྒྱུའི་སྔོན་བརྡ་གཏོང་གི་ཡོད་པར་བརྟེན་ནས་གོད་ཆག་འཕོག་པ་རྣམས་ལ་འཕྲལ་སེལ་ཛ་དྲག་གི་རོགས་སྐྱོར་ཟ་བཅའ་དང་མལ་ཆས་སོགས་ཆེད་གཏོང་བྱས་ཟིན་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཤོག་ཐོག་ལ། མེ་སྐྱོན་དེའི་ནང་སྡོད་ཁྱིམ་ཁྱོན་༦༡༣ ལ་གནོད་སྐྱོན་བྱུང་ཡོད་པའི་བསྡོམས་རྩིས་བཏོན་ཡོད་པ་དང༌། ས་གནས་མི་དམངས་ཚོར་གློག་མེད་པའི་དཀའ་ངལ་ཐོག་ལྷུང་ཡོད་པའི་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་ལས། ཞིབ་ཕྲའི་གནས་ཚུལ་བཀོད་མེད་པ་རེད།