དཀར་མཛེས་ནང་ཚོགས་པ་གསར་འཛུགས་བྱེད་མི་ཆོག་པ།
2012.04.22
༄༅༎ཕྱི་ཚེས་༢༡ ཉིན་བང་ཆེན་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁམས་དཀར་མཛེས། ཟླ་ཐལ་མ་འབྲོག་སྡེའི་ས་གནས་བཀྲ་ལེགས་ཡུལ་ཚོར། ཟླ་བ་འདིའི་ཕྱི་ཚེས་༡༤ ཉིན་དཀར་མཛེས་རྫོང་གི་ཉེན་རྟོག་པ་དང༌། དྲག་ཆས་དམག་མི་༣༠༠ ཙམ་བསླེབས་ཏེ། ས་གནས་དེའི་ནང་དུ་ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་ཞེས་པ་དེ་ནི། བོད་དོན་དང་འབྲེལ་བའི་ལས་དོན་སྤེལ་མཁན་ཡིན་པའི་ཉེས་འཛུགས་ཀྱིས་ཚོགས་པ་བཙུགས་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད། ཚོགས་པ་དེའི་ཚོགས་གཙོ་དོན་རྟོགས་ལགས་སོགས་བོད་མི་ཉིས་བརྒྱ་ལྔ་བཅུ་འཛིན་བཟུང་བྱེད་སྐབས། ས་གནས་བོད་མི་འགའ་ཤས་ཀྱིས་རྒྱ་ནག་གི་ཉེན་རྟོག་པའི་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་ཏེ་ངོ་རྒོལ་བཀག་འགོག་བྱེད་ཐབས་བྱས་ཅིང༌། སྐབས་དེར་ཉེན་རྟོག་པས་གང་བྱུང་དུ་མི་དམངས་ཁྲོད་ཉེས་རྡུང་ཚབས་ཆེ་བཏང་སྟེ། སྐྱ་ཆེན་དང༌། རྒྱལ་མཚན་། སྐྱ་གཙེས་། ཆོས་པོ་། བསོད་རིན་། སྐྱ་ཐོ་། སྐྱ་རིས་དང་དེ་མིན་གྱི་མིང་མི་ཤེས་པ་གསུམ་བཅས་བོད་མི་བཅུ་ཙམ་ཞིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཏེ་སྨན་ཁང་དུ་བསྐྱལ་ཡོད་པ་རེད། ད་དུང་ཕྱི་ཚེས་༡༥ ཉིན་དེར་བོད་མི་ཉིས་སྟོང་ལྷག་གིས། ཕྱི་ཚེས་༡༤ ཉིན་ཉེན་རྟོགས་པས་བོད་མིའི་ཐོག་ཉེས་བརྡུང་བཏང་བ་དང་འཛིན་བཟུང་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་མུ་མཐུད་བྱས་པར་བརྟེན། འཛིན་བཟུང་བྱས་པ་མང་ཆེ་བ་གློད་བགྲོལ་བཏང་ཡོད་ཀྱང༌། མི་གྲངས་སུམ་ཅུ་སོ་གྲངས་ཤིག་མུ་མཐུད་དོ་དམ་བཀག་ཉར་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ས་གནས་དེའི་ཁུལ་དུ་ཁ་པར་དང་དྲ་རྒྱ་སོགས་བརྡ་འཕྲིན་ཡོངས་རྫོགས་བཀག་འགོག་བྱས་པར་བརྟེན་ནས་མུ་མཐུད་གནས་ཚུལ་ཇི་བྱུང་དང༌། གནས་སྟངས་ཁ་གསལ་ཤེས་རྟོགས་ཐུབ་པར་དཀའ་ངལ་དུ་གྱུར་ཡོད་པ་རེད།
ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་དེ་ནི། ༢༠༠༨ ལོར་ས་གནས་ཚོ་སྡེ་བཅུ་གསུམ་གྱིས་གནད་ཡོད་མི་སྣ་ཁག་ཅིག་གིས་བཙུགས་ཏེ། སྡེ་པ་ཕན་ཚུན་གྱི་བོད་མི་ནང་ཁུལ་དུ་འཕྲད་བཞིན་པའི་རྒྱུན་ལྡན་གྱི་རྙོག་ཕྲའི་རིགས་མི་འབྱུང་བ་དང༌། ཚོ་སྡེ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་དང༌། ནང་ཁུལ་མཐུན་སྒྲིལ་ཡོང་བར་གཞོགས་འདེགས་བྱེད་རྒྱུར་དམིགས་པ་ཞིག་ཡིན་པའི་སྐོར་བཀོད་བཞག།