རྒྱ་ནག་གི་མཐོ་སློབ་ལས་བྱེད་ཟུར་བ་ཞིག་ལ་ཁྲིམས་བཤེར།
2015.12.03

པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་འཇུག་སྡེ་ཚན་གྱི་འགན་འཛིན་ཟུར་བས་ལྐོག་རྔན་བླངས་པའི་ཉེས་བཙུགས་འོག་ཁྲིམས་བཤེར་བྱེད་འགོ་ཚུགས་པ།
དེ་ཡང་རྒྱ་ནག་གི་མཐོ་རིམ་སློབ་གྲྭ་རྩེ་གྲས་ཤིག་གི་སློབ་འཇུག་སྡེ་ཚན་གྱི་འགན་འཛིན་ཞིག་ནས། ཨ་སྒོར་ས་ཡ་གསུམ་དང་འབུམ་དྲུག་ཙམ་གྱི་ལྐོག་རྔན་བླངས་པའི་ཉེས་བཙུགས་འོག་ཁོ་པར་དེ་རིང་ཚེས་༣གཟའ་ཕུར་བུའི་ཉིན་ནས་ཁྲིམས་བཤེར་བྱེད་འགོ་ཚུགས་འདུག
མིང་ལ་ཚཡི་རོང་ཁྲན་ཟེར་བ་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་འཇུག་སྡེ་ཚན་གྱི་འགན་འཛིན་ཡིན་ཞིང་། ཚ་ཡིས་ལྐོག་རྔན་བླངས་ཏེ་མཐོ་རིམ་སློབ་གྲྭའི་ནང་སློབ་འཇུག་བྱེད་དུ་འཇུག་པ་དང་། ཆེད་ལས་སློབ་ཚན་འགྱུར་བ་བཏང་པ་སོགས་བྱས་པའི་ཉེས་བཙུགས་བྱས་ཡོད་པ་རེད། ཚ་ཡི་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་རྒྱ་ནག་ཤར་ཕྱོགས་ནན་ཅིང་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་ཡོད་ན་ཡང་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་སྤེལ་བྱས་མེད་པ་པེ་ཅིང་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་བྱེད་པ་དེ་ཆབ་སྲིད་མི་སྣ་ནས་དམག་དོན་མི་སྣ་དང་། འཕྲོད་བསྟེན། བཟོ་ལས། ཤེས་ཡོན་སྡེ་ཚན་སོགས་སྤྱི་ཚོགས་ཁྱོན་ཡོངས་སུ་ཁྱབ་གདལ་ཧ་ལས་པའི་ཆེན་པོ་ཡོད་པར་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་ཅིང་། རྒྱ་ནག་དམར་པོའི་གཞུང་གི་འགོ་ཁྲིད་ཚོས་ལྐོག་ཟའི་གནད་དོན་འདིས་རྒྱ་ནག་དམར་ཤོག་ཚོགས་པའི་མ་འོངས་པའི་མདུན་ལམ་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གིས་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུའི་གདོང་ལེན་གྱི་ལས་འགུལ་ནང་ཆེ་ས་སྟག་ནས་ཆུང་ས་འབུ་སྦྲང་བར་འཇུ་བཟུང་ཁྲིམས་བཅད་བྱ་རྒྱུའི་ཁས་ལེན་གནང་པ་ལྟར། འདས་པའི་ལོ་གཉིས་ཀྱི་དུས་ཡུན་ནང་རྒྱ་ནག་གི་ཆེས་མཐོའི་ཞི་དྲག་གི་འགོ་ཁྲིད་སོགས་མི་སྣ་བརྒྱ་ཕྲག་འགའ་ཤས་ལ་ལྐོག་ཟའི་གྱོད་དོན་འོག་འཇུ་བཟུང་བཙོན་བཅུག་བྱས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་དང་གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གིས་ལྐོག་ཟར་གདོང་ལེན་བྱེད་པའི་ལས་འགུལ་ལ་ཁ་གཡར་ཏེ། རང་ལ་མི་དགའ་བའི་ཕྱོགས་གཏོགས་ཁག་ལ་རྡུང་རྡེག་གཏོང་བཞིན་ཡོད་པའི་སྐྱོན་བཙུགས་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།