ཕ་རན་སིའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་གཟིགས།
2013.04.14
༄༅༎ཕ་རན་སི་ཡི་སྲིད་འཛིན་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་འབྲེལ་ཆགས་ཀྱི་གནད་དོན་ཚང་མའི་ཐོག་བཀའ་བསྡུར་གནང་གི་རེད་ཅེས་ཕ་རན་སི་ཡི་བུད་མེད་ལས་དོན་བློན་ཆེན་གྱིས་གསུང་འདུག དེ་ཡང་འདི་ཚེས་ ༡༤ ཉིན་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་ཕ་རན་སི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་ Andre Gattolin གྱིས་ ཕ་རན་སི་ཡི་སྲིད་འཛིན་Francois Hollande རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་རྒྱུའི་དགོངས་གཞི་ཡོད་མེད་བཀའ་འདྲི་གནང་བའི་ལན་དུ། ཡུལ་དེའི་བུད་མེད་ཀྱི་ཐོབ་ཐང་ལས་དོན་བློན་ཆེན་ Naja Vallaud-Belkacem གྱིས། འགྲོ་བ་མིའི་ཐོབ་ཐོབ་ཐང་ནི་རྒྱ་བོད་གཉིས་དབར་གི་གླེང་གཞི་རྩ་བ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་སོང༌། སྲིད་འཛིན་རྒྱ་ནག་ཏུ་ཕེབས་པའི་སྐབས་འབྲེལ་ཆགས་ཀྱི་གནད་དོན་ཚང་མའི་ཐོག་ཕྱོགས་ཕན་ཚུན་དབར་གུས་བཀུར་དང་ལྡན་པའི་ཐོག་ནས་གོ་བསྡུར་གནང་གི་རེད་ཅེས་གསུངས་ཡོད་པའི་གནས་ཚུལ་བཀོད་འདུག
དེ་དང་ཕྱོགས་མཚུངས་ད་ལམ་ཕ་རན་སི་གྲོས་ཚོགས་གོང་མའི་ནང་གོང་ཞུས་གླེང་སློང་དེ་མ་བྱུང་སྔོན་ ཟླ་བ་འདིའི་ཚེས་ ༡༡ ཉིན་ཕ་རན་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རིང་མིན་ཕ་རན་སིའི་སྲིད་འཛིན་ Francois Hollande རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་སྐབས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང༌། དེ་ཡང་གོང་ཚེས་ཉིན་ཕ་རན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། ཕ་རན་སི་དང་ཡོ་རོབ་སྤྱི་མཐུན། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་མཉམ་རུབ་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་ཆེད་བོད་ཀྱི་གནད་དོན་སྣང་མེད་དུ་མ་བཏང་བར་བོད་དོན་ཐོག་ལངས་ཕྱོགས་ཁ་གསལ་དང་བརྟན་པོ་ཞིག་བཟུང་དགོས་པ་དང༌། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་རྣམས་བཀག་སྡོམ་མེད་པར་བོད་ནང་འགྲོ་བསྐྱོད་བྱེད་དུ་འཇུག་དགོས་པ། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པ་སོགས་ཀྱི་བརྗོད་དོན་འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ཐོག གྲོས་ཚོགས་འཐུས་མི་མང་པོས་མཚན་རྟགས་བཀོད་ཡོད་པ་རེད།།