རྒྱ་ནག་གིས་ཀའོ་ཡོའུ་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་པ།
2015.04.17
ཀའོ་ཡོའུ་ཡིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ཉེས་བཙུགས་ཀྱིས་བཙོན་འཇུག་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་ཕྱི་ཟླ་བཞི་པའི་ཚེས་༡༧གྱི་ཞོགས་པ་རྒྱ་ནག་པེ་ཅིན་འབྲིང་རིམ་ཁྲིམས་ཁང་ཨང་གསུམ་པའི་ནང་། རྒྱ་ནག་གི་སྙན་གྲགས་ཆེ་བའི་གསར་འགོད་པ་ཀའོ་ཡོའུ་ཡིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་ལུགས་ཀྱི་གྱོད་དོན་ཐོག་ཁྲིམས་ཞིབ་བྱས་ཡོད་པ་དང་། ཁྲིམས་ཞིབ་བྱེད་པའི་སྐབས་ཀའོ་ཡོའུ་ཡི་བུ་དང་། གཅུང་པོ་གཉིས་པེ་ཅིན་གྲོང་ཁྱེར་གྱི་ཉེན་རྟོག་པའི་རླངས་འཁོར་ནང་ཆེད་བསྔགས་བླངས་ནས་ཁྲིམས་རའི་ནང་ཉན་ཞིབ་དུ་ཁྲིད་ཡོད་ཅིང་། ཁྲིམས་ཞིབ་བྱས་པའི་རྗེས་ཀའོ་ཡོའུ་ཡིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ཉེས་བཙུགས་དངོས་ཡོད་ཡིན་ལུགས་ཁྱབ་བསྒྲགས་བྱས་ཏེ་བཙོན་འཇུག་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་པ་ཁོང་གི་ཁྲིམས་རྩོད་པ་ཧྲང་བའོ་ཅུན་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག པེ་ཅིན་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་ཨང་གསུམ་པའི་གཞུང་འབྲེལ་གྱི་དྲ་རྒྱའི་ཐོག་ཀའོ་ཡོའུ་ཡིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འགལ་ནས་ཕྱི་རྒྱལ་དུ་རྒྱལ་ཁབ་ཀྱི་
གསང་བ་ཕྱིར་གྱར་བྱས་པའི་ནག་ཉེས་བསགས་ཡོད་པས་ཁོ་མོར་བཙོན་འཇུག་ལོ་བདུན་དང་། ཆབ་སྲིད་དབང་ཆ་ལོ་གཅིག་འཕྲོག་རྒྱུའི་ཁྲིམས་ཐག་བཅད་ལུགས་འཁོད་ཡོད་པ་རེད།
གསར་འགོད་པ་ཀའོ་ཡོའུ་ཡི་ཁྲིམས་རྩོད་པ་ཧྲང་བའོ་ཅུན་གྱིས་ཁྲིམས་ཞིབ་དེ་བཞིན་དུས་ཡུན་སྐར་མ་ཉི་ཤུ་ཡས་མས་ཤིག་ལས་ཚུགས་མེད་པ་དང་། ཁོང་དང་དེ་མིན་ཁྲིམས་རྩོད་པ་མོའོ་ཧྲའོ་ཚུང་གཉིས་ཀའོ་ཡོའུ་དང་ཐུག་འཕྲད་བྱེད་བཅུག་མེད་སྐོར་གསར་འགོད་པར་འགྲེལ་བརྗོད་བྱས་ཏེ་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་རིགས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་པ་དང་། ཁྲིམས་ཁང་གི་ཐག་གཅོད་ལ་ངོས་ལེན་མེད་པ་བརྗོད་ནས་བསྐྱར་དུ་ཁྲིམས་ཞིབ་ཡོང་བའི་འདོད་ཚུལ་བཏོན་གནང་ཡོད་ཀྱང་ཁྲིམས་ཁང་ནས་འགྲེལ་བཤད་གང་ཡང་མེད་པའི་འོག་ཁས་ལེན་བྱས་མེད་པར་བརྟེན་ཀའོ་ཡོའུ་ཡི་ཁྲིམས་རྩོད་པས་མུ་མཐུད་ཁྲིམས་ཁང་གོང་མར་ཞུ་གཏུགས་རྒྱག་རྒྱུ་ཡིན་པ་གསུང་འདུག
ཨ་རིའི་གཞུང་ཚབ་ཀྱི་འབྲེལ་ཡོད་དཔོན་རིགས་ནས་ཀའོ་ཡོའུ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་བློ་ཕམ་ཡོད་པ་དང་། ཨ་རི་གཞུང་གིས་དེའི་ཐོག་དོ་སྣང་གནང་གི་ཡོད་པའི་སྐོར་གསལ་སྟོན་གནང་འདུག ད་ལོ་རང་ལོ་༧༡ཡིན་པའི་གསར་འགོད་པ་ཀའོ་ཡོའུ་༢༠༡༤ལོའི་ཕྱི་ཟླ་༤པའི་ཚེས་༢༤ཉིན་གར་སོང་ཆ་མེད་དུ་གྱུར་ནས་ཕྱི་ཟླ་༥པའི་ཚེས་༨ཉིན་རྒྱ་ནག་གཞུང་ཕྱོགས་ནས་ཀའོ་ཡོའུ་འཇུ་བཟུང་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད།
གསར་འགོད་པ་འཆི་མེད།