བོད་ནང་ཞིབ་འཇུག་ཚོགས་པ་གཏང་དགོས་པའི་གནོན་ཤུགས།
2009.03.18
༄༅༎སུད་སིའི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ནང་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་དང་གཞན་ཡང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་བོད་ནང་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཀྱི་ཆེད་ཞིབ་འཇུག་ཚོགས་པ་བསྐྱོད་རྒྱུར་བཀའ་འཁྲོལ་གནང་དགོས་པའི་དགོས་དོན་ཤུགས་ཆེ་བཏོན་ཡོད་འདུག
དེ་ཡང་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཅེག་ཡུལ་གྱི་གཞུང་ཚབ་ཆེན་མོ་ཊོ་མ་སེ་ཧུ་སཀ་ཡིས་རྒྱ་ནག་གཞུང་གིས་རང་གི་འདོད་ཚུལ་དང་མི་མཐུན་པར་ཞི་བའི་ངང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་རྩོད་གླེང་གནང་མཁན་ཚོར་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་ལ་ཐུགས་ཚབས་གང་ཆེ་ཡོད་པ་དང་དཔེར་ན་བོད་ལྟ་བུའི་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཐོག་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྐུ་ཚབ་ཀྱིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཀྱི་ཆེད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྟོགས་ཞིབ་པ་དང་གཞན་ཡང་རང་དབང་ཅན་གྱི་མི་སྣ་བོད་ནང་ཕྱོགས་བསྐྱོད་ཆོག་པའི་གོ་སྐབས་སྤྲོད་དགོས་ཀྱི་ཡོད་ཅེས་དགོས་འདུན་བཏོན་ཡོད་པ་དང་ཕྱོགས་མཚུངས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་སྡུག་ལ་ཉན་ཞིབ་ཟབ་མོ་གནང་ཡང་ཛ་དྲག་གི་གནད་དོན་འདིའི་ཐད་གྲོས་བསྡུར་ཞིབ་ཚགས་གནང་གི་མེད་པའི་སྐྱོན་བརྗོད་ཤུགས་ཆེ་ཞིག་ཀྱང་གནང་འདུག
དེ་བཞིན་རྒྱལ་སྤྱིའི་ཁྲིམས་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་སྔ་ལོ་བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ཀྱི་ངོ་རྒོལ་ལས་འགུལ་ལ་ཁྲིམས་མེད་ལུགས་མེད་ངང་བོད་མི་གང་བྱུང་འཛིན་བཟུང་བཙོན་བཅུག་གིས་དྲག་གནོན་བཏང་བའི་གནད་དོན་ལ་མཐའ་ཅིག་ཏུ་ངོ་རྒོལ་ཞུ་ཡི་ཡོད་ཅེས་དང་རྒྱལ་སྤྱིའི་ཁྲིམས་ཞིབ་ཚོགས་པར་བོད་ནང་གནས་སྟངས་རྟོགས་ཞིབ་ཆེད་ལྟ་བསྐོར་འགྲོ་བསྐྱོད་ཆོག་པའི་བཀའ་འཁྲོལ་དགོས་པའི་དགོས་དོན་ཤུགས་ཆེ་བཏོན་ཡོད་འདུག།