རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཡུལ་སྐད་སྐོར།
2010.07.29
༄༅༎རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཀྲུའུ་གྲོང་ཁྱེར་ནང་ས་གནས་ཀྱི་ཀོང་ཏུང་སྐད་ཡིག་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་དང་མེན་ཌེ་རིན་སྐད་ཡིག་བེད་སྤྱོད་རྒྱ་ཁྱབ་གཏོང་རྒྱུ་ཡིན་ལུགས་གནས་ཚུལ་གྱི་རྐྱེན་པས་ ཧོང་ཀོང་གཙོས་པའི་ཀོང་ཏུང་སྐད་ཡིག་བེད་སྤྱོད་བྱ་སའི་ས་ཁུལ་ཁག་ནས་ ངོ་རྒོལ་སྐྱོན་བརྗོད་བྱུང་རྗེས་ དེ་རིང་ཀོང་ཀྲུའུ་གྲོང་ཁྱེར་སྲིད་གཞུང་གིས་ཀོང་ཏུང་སྐད་ཡིག་ལས་མེན་ཌེ་རིན་སྐད་ཡིག་ལ་གཙོ་དོན་བྱ་རྒྱུའི་འཆར་གཞི་དེ་དངོས་བདེན་གྱི་གནས་ཚུལ་མིན་ལུགས་དག་སེལ་བྱས་ཡོད་པ་རེད་༎
བདུན་ཕྲག་སྔོན་མར་ཀོང་ཀྲུའུ་གྲོང་ཁྱེར་སྲིད་གཞུང་གི་ཆབ་སྲིད་ཚོགས་ཆུང་ཞིག་ནས་ས་གནས་ཀྱི་བརྙན་ཕྲིན་ལས་ཁང་ཚོས་གསར་འགྱུར་གཙོས་པའི་མང་ཚོགས་ཀྱི་དགའ་མོས་ཆེ་བའི་བརྙན་འཕྲིན་གྱི་ལས་རིམ་ཁག་ས་གནས་ཀྱི་ཁེན་ཀྲོ་ནི་སི་འམ་ཀོང་ཏུང་སྐད་གདངས་ཐོག་མ་ཡིན་པར་ རྒྱ་ནག་གི་མེན་ཌེ་རིན་གཞུང་སྐད་ཐོག་རྒྱངས་བསྒྲགས་གཙོ་དོན་བྱ་དགོས་ལུགས་གྲོས་འཆར་བཏོན་ཡོད་པ་རེད་
གྲོས་འཆར་དེའི་ཀོང་ཏུང་སྐད་བེད་སྤྱོད་བྱ་སའི་ཧོང་ཀོང་དང་མ་ཁའོ་དེ་བཞིན་ཀོང་ཏུང་ཞིང་ཆེན་བཅས་ཀྱི་མང་ཚོགས་ཁྲོད་ཀོང་ཏུང་སྐད་ཀྱི་མ་འོངས་གནས་སྟངས་ཇི་ཆགས་སྐོར་བློ་འཚབ་ཀྱི་གནས་ཚུལ་ཆགས་པ་བཞིན་ཁུལ་དེ་ཚོའི་ནང་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཐོན་ཡོད་པ་རེད་ དེ་རིང་ཀོང་ཀྲུའུ་གྲོང་ཁྱེར་སྲིད་གཞུང་ནས་སྐད་ཡིག་བེད་སྤྱོད་བྱ་ཕྱོགས་ཀྱི་གནས་ཚུལ་དེ་དངོས་བདེན་མིན་ལུགས་ཀྱི་གཏམ་བཤད་དེ་ ས་ཁུལ་དེ་ཚོའི་ནང་ མང་ཚོགས་ཀྱི་བློ་འཚབ་ཞི་འཇམ་དུ་གཏོང་ཐབས་ཡིན་འདུག་ལ་ གྲོང་ཁྱེར་སྲིད་གཞུང་གི་མགྲིན་ཚབ་པ་ཨོ་དབྱང་ཡོང་ཧྲེང་ཞུ་བ་ཞིག་གིས་ཀོང་ཀྲུའུ་གྲོང་ཁྱེར་སྲིད་གཞུང་ངོས་ནས་མེན་ཌེ་རིན་སྐད་ཡིག་དར་སྤེལ་དང་ཆབས་ཅིག་ ས་གནས་ཀྱི་ཡུལ་སྐད་ཉམ་ཆགས་གཏོང་བའི་ལས་དོན་སྤེལ་རྒྱུ་མིན་པ་དེར་ མང་ཚོགས་ནས་བློ་དོགས་དང་བློ་འཚབ་བྱེད་དགོས་གལ་ཅི་ནས་མེད་སྐོར་ནན་བརྗོད་བྱས་འདུག་༎