རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར།
2009.05.19
༄༅༎དེ་རིང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རག་ནང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་བར་གྱི་ལྷན་ཚོགས་འགོ་འཛུགས་གནང་གི་ཡོད་པར་བརྟེན་ནས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་ལྷན་ཚོགས་དེའི་ཐོག་ལ་ངེས་པར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལྦེཀ་ལེལྦ་ཧ་ལྦེལ་མཆོག་གིས་རྒྱབ་སྐྱོར་ཞུས་ཡོད་པ་རེད།
རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འབོད་སྐུལ་གྱི་སྙན་ཞུ་དེ་ནི་དེ་རིང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་ཇའན་ཕི་ཤར་མཆོག་ལ་ཕུལ་ཡོད་པ་དང་སྙན་ཞུའི་ནང་དོན་གཙོ་བོ་ནི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི་ད་རེས་ཀྱི་ལྷན་ཚོགས་དེའི་ནང་དུ་གཙོ་བོ་གླེང་སློང་གནང་རྒྱུའི་གནད་དོན་གྲས་ཤིག་ཏུ་བཟོས་དགོས་པ་དང་མཐའ་མའི་ཐག་གཅོད་གསལ་བསྒྲགས་བྱ་དགོས་པའི་སྐོར་གསུངས་པ་དང་ད་དུང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་མགྲིན་ཚབ་པ་ལྕམ་ཨེ་ལྦ་ཌོབ་རོ་ལྦོལ་ན་ཡིས་གལ་ཏེ་ད་རེས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་ལྷན་ཚོགས་དེའི་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བཀའ་མོལ་མ་གནང་བར་སྣང་མེད་དུ་བཞག་པ་ཡིན་ཚེ་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་དང་བཙོན་ཁང་དུ་ལག་བསྟར་བྱེད་བཞིན་པའི་མི་ཆོས་ལས་འདས་པའི་གདུག་རྩུབ་མནར་གཅོད་ཀྱི་བྱ་སྤྱོད།གནས་སྟངས་དེ་དག་ཐོག་དོ་སྣང་བྱེད་མཁན་གྱི་མི་དམངས་ཚོའི་སེམས་ཚོར་ལ་དོ་འཁུར་མ་གནང་བར་ངོས་འཛིན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། དེ་བཞིན་སྲིད་འཛིན་ཟུར་པ་སྐུ་ཞབས་ལྦཀ་ལེལྦ་ཧ་ལྦེལ་མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་ལ་ཁོང་གི་ངོས་ནས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་དཔལ་འབྱོར་གྱི་ཁེ་ཕན་ལེན་ཐབས་བྱེད་པ་དང་དུས་མཚུངས་ཁེ་ཕན་ལེན་ཐབས་བྱེད་ཡུལ་གྱི་རྒྱ་ནག་གི་མི་དམངས་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་སུ་ལྷུང་བཞིན་ཡོད་པའི་གཟིགས་ཚུལ་ཡོང་གི་ཡོད་པའི་སྐོར་གསུངས་ཡོད་ཅིང་ཡིན་ནའང་སྲིད་བློན་ཇའན་ཕི་ཤར་མཆོག་གིས་གསར་འགོད་ལྷན་ཚོགས་དེའི་ཐོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱེད་མིན་རྗེས་སུ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསུང་བཞག།