དབུ་མའི་ལམ་ནི་ཆོས་དང་ཆབ་སྲིད་གཉིས་ཐད་ནས་མཐུན་ཕྱོགས་སུ་ཡོད། ༧གོང་ས་མཆོག་གིས།
2018.05.30

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་ཆེན་དུ་བཅར་བའི་བོད་མི་རྣམས་ལ་མཇལ་ཁ་སྩལ་བའི་སྐབས་དབུ་མའི་ལམ་གྱི་སྲིད་ཇུས་དེ་ནི་ཁ་ཡོད་ལག་ཡོད་ཀྱི་སྲིད་ཇུས་ཤིག་དང་བོད་རྒྱ་གཉིས་ཀར་ཕན་ཐོགས་ལྡན་པའི་སྲིད་ཇུས་ཤིག་ཡིན་པའི་བཀའ་སློབ་སྩལ་གནང་ཡོད་པ་རེད་།
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོར་བཅར་བའི་བོད་མི་དྲུག་བརྒྱ་ལྷག་ལ་ཕྱི་ཟླ་ལྔ་པའི་ཚེས་༣༠ སྔ་དྲོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་སྩལ་བའི་སྐབས། དབུ་མའི་ལམ་གྱི་སྲིད་ཇུས་དེ་ནི་༧གོང་ས་མཆོག་གིས་མཁས་དབང་མང་པོར་གོ་བསྡུར་དང་རྟོགས་ཞིབ་ནན་ཏན་གྱི་སྒོ་ནས་གནས་ཚུལ་མང་པོ་ཞིག་ལ་གཟིགས་ཏེ་བཏོན་གནང་མཛད་པར་བརྟེན་ནས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་བ་མཐུད་ཐུབ་པ་ཞིག་བྱུང་བ་ཡོད་པ་དང་། ལྷག་དོན་སྲིད་ཇུས་དེ་ནི་བོད་རྒྱ་གཉིས་མོས་ཡོང་ཐུབ་པ་ཞིག་དང་ཕྱོགས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐབས་ལ་ཕན་ཐོགས་ཡོད་པ་། ཕན་ཚུན་འགྲིག་འཇག་དང་ཁས་ལེན་ཐུབ་པའི་སྲིད་ཇུས་ཤིག་ཡིན་ཞིང་། དབུས་བོད་མའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ཀྱང་དབུ་མའི་ལམ་གྱི་སྲིད་ཇུས་དེའི་ཐོག་ནས་བོད་རྒྱའི་དཀའ་ངལ་སེལ་ཐབས་ལ་མཐའ་ཅིག་ཏུ་ལག་བསྟར་གནང་གི་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས་། ང་ཚོས་རྒྱ་ནག་དང་མཉམ་དུ་ཞི་འགྲིག་ཡོང་ཐབས་ལ་འབད་བརྩོན་ལྷོད་མེད་གནང་ཡང་མཐར་དོན་འབྲས་མ་སོན་པར་༡༩༥༩ ལོར་༧གོང་ས་མཆོག་དང་བཀག་ཤག་བཙན་བྱོལ་དུ་ཕེབས་མ་ཐག་དབུ་མའི་ལམ་གྱི་སྲིད་ཇུས་དེའི་སྐོར་བཀའ་བསྡུར་གནང་ཞིང་དེའི་ཐོག་ལ་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་། བཀའ་ཤག དེ་བཞིན་མཁས་དབང་དང་ཉམས་མྱོང་ཅན་ཚོ་དང་ལྷན་དུ་རྒྱ་ནག་གི་དཔོན་རིགས་ཀྱི་ལྷན་དུ་འབྲེལ་བ་དང་གྲོས་མོལ་བྱས་པ་བརྒྱུད་བོད་ཀྱི་དཀའ་ངལ་སེལ་ཐབས་ཇི་ལྟར་དགའ་མིན་བཀའ་བསྡུར་གནང་བའི་མཐར་༡༩༧༤ ལོར་དབུ་མའི་ལམ་གྱི་སྲིད་ཇུས་དེ་མོས་མཐུན་བྱུང་བ་ཞིག་ཡིན་པ་དང་། དེ་རྗེས་༡༩༧༩ ལོར་རྒྱ་ནག་གི་འགོ་ཁྲིད་(Deng Xaoping) གིས་རང་བཙན་མ་ཡིན་པའི་གནད་དོན་གང་གི་ཐད་ལ་བོད་ཀྱི་དཀའ་ངལ་སེལ་ཐབས་ལ་གྲོས་མོལ་བྱ་འདོད་ཡོད་པའི་བརྡ་བཏང་བའི་རྗེས་༧གོང་ས་མཆོག་ནས་སྐུའི་གཅེན་པོ་སྐོུ་རྒྱ་ལོ་དོན་གྲུབ་ལགས་བརྒྱུད་དེ་། ང་ཚོའི་ངོས་ནས་བོད་རྒྱ་གཉིས་ཁར་ཕན་པའི་ཐབས་ལམ་ཞིག་འབད་བརྩོན་གནང་རྒྱུ་ལས་རང་བཙན་རྩོད་ལེན་གནང་གི་མེད་པའི་སྐོར་(Deng Xaoping) ལ་བཀའ་ལན་བསྐུར་གནང་བ་སོགས་ཀྱི་འབྲས་བུར་བཙན་བྱོལ་ནས་སྐུ་ཚབ་བོད་ནང་ཐེངས་མང་བསྐྱོད་པའི་འབྲེལ་བ་བཙུགས་ཐུབ་པ་མ་ཟད་། ལྷག་པར་དུ་དབུ་མའི་ལམ་གྱི་སྲིད་ཇུས་དེའི་ཐོག་ལ་རྒྱ་རིགས་མཁས་པ་། ལས་འགུལ་སྤེལ་མཁན།་རྩོམ་བྲིས་པ། གངས་ཟག་བྱེ་བྲག་པ་སོགས་མང་པོས་མོས་མཐུན་དང་རྒྱབ་སྐྱོར་ཤུགས་ཆེ་བྱེད་ཀྱི་ཡོད་པའི་སྐོར་སོགས་དབུ་མའི་སྲིད་ཇུས་ཀྱི་ཕན་ནུས་དང་བྱུང་རིམ་སྐོར་བཀའ་སྩལ་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།