ཨ་རི་དང་རྒྱ་ནག་དབར་ཆེས་མཐོའི་གྲོས་མོལ་ཚོགས་འདུ།

ཨ་མི་རི་ཀ་དང་རྒྱ་ནག་དབར་གནད་དོན་མང་དག་ཅིག་གི་ཐོག་ཆེས་མཐོའི་གྲོས་མོལ་ཚོགས་འདུ་ཞིག་རྒྱ་ནག་ཏུ་ཚོགས་གཏན་འཁེལ་ཡོད་པ་རེད།

2010.03.23

༄༅༎ཨ་མི་རི་ཀ་དང་རྒྱ་ནག་དབར་གནད་དོན་མང་དག་ཅིག་གི་ཐོག་ནས་མི་མཐུན་པའི་ངོ་བོ་ཇེ་ཆེར་འགྲོ་བཞིན་ཡོད་ན་ཡང་ཡུལ་གྲུ་གཉིས་དབར་ཐབས་བྱུས་དང་དཔལ་འབྱོར་གནད་དོན་ཐད་ཀྱི་ཆེས་མཐོའི་གྲོས་མོལ་ཚོགས་འདུ་ཞིག་འདི་ལོ་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ཏུ་ཚོགས་གཏན་འཁེལ་ཡོད་པ་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསལ་བཤད་བྱས་འདུག།

དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་སྒང་གིས་པེ་ཅིང་དུ་ཚུགས་པའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་སྐབས་རྒྱ་ནག་དང་ཨ་མི་རི་ཀའི་དབར་ཐབས་བྱུས་དང་དཔལ་འབྱོར་གྱི་གནད་དོན་ཐད་ཀྱི་གྲོས་མོལ་ཐེངས་གཉིས་པ་དེ་འདི་ལོ་ཕྱི་ཟླ་ལྔ་པའི་ཟླ་མཇུག་ཏུ་པེ་ཅིང་དུ་ཚུགས་རྒྱུར་སྔོན་འགྲོའི་མོས་མཐུན་བྱུང་ཟིན་པ་དང་ཟླ་དུས་ཚེ་གྲངས་གཏན་བེབས་བྱེད་ཕྱོགས་སྐོར་མུ་འཐུད་གྲོས་བསྡུར་བྱེད་མུས་ཡིན་ཞེས་བརྗོད་འདུག།

པེ་ཅིང་དུ་ཚུགས་རྒྱུའི་ཆེས་མཐོའི་ལྷན་ཚོགས་དེའི་སྐབས་ཨ་མི་རི་ཀའི་ངོས་ནས་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀིལན་ཀྲན་དང་ནོར་སྲིད་དྲུང་ཆེ་སྐུ་ཞབས་ཊི་མོ་ཐི་གཡེཏ་ནར་རྣམ་གཉིས་ཚོགས་ཞུགས་གནང་རྒྱུ་ཡིན་འདུག་ཅིང་རྒྱ་ནག་གི་སྐུ་ཚབ་ཏུ་སྲིད་བློན་གཞོན་པ་ལྦང་ཅི་ཤན་དང་ རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་དང་དབུས་གཞུང་གི་ཕྱི་འབྲེལ་ལས་དོན་ཁང་གི་འགན་འཛིན་ཏཡི་བིང་གུ་གཉིས་ཚོགས་ཞུགས་གནང་རྒྱུ་ཡིན་འདུག།

ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚུགས་རྒྱུའི་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་ཆེས་མཐོའི་ལྷན་ཚོགས་འདི་ནི་འདི་ལོའི་འགོ་སྟོད་དུ་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་གནང་རྒྱུའི་ཐག་གཅོད་གནང་པ་དང་རྒྱ་ནག་ནང་གི་ཨིན་ཊར་དྲ་གནས་ཐོག་གནས་ཚུལ་འཚོལ་བསྡུའི་རང་དབང་སྲུང་སྐྱོབ་དགོས་གལ་ཆེ་བའི་སྐོར་གྱི་གཏམ་བཤད་ཤུགས་ཆེ་གནང་པ་ དེ་བཞིན་ཨ་མི་རི་ཀའི་སྲིད་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པ་སོགས་ཀྱི་རྐྱེན་པས་ཡུལ་གྲུ་གཉིས་དབར་གྱི་གྲོས་མོལ་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་རྗེས་ཀྱི་ཚོགས་འདུ་རིམ་པ་མཐོ་ཤོས་དེ་ཆགས་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎