༸གོང་ས་མཆོག་ནས་བོད་ཀྱི་དཔའ་བོར་བསྔོ་སྨོན་གནང་བ།
2008.04.28
༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག དེ་རིང་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ བོད་གཞུང་དམངས་གཉིས་ནས་ཉེ་ལམ་བོད་ནང་རྒྱ་ནག་གི་བཙན་གནོན་ལ་སྒེར་ལངས་བྱེད་སྐབས་ སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བདུན་ཚིག་ཞག་བཞི་བཅུ་ཞེ་དགུའི་སྨོན་ལམ་མཆོད་འབུལ་རྒྱ་ཆེ་ཞིག་
གནང་ཡོད་པ་རེད།
བོད་ནང་བོད་མི་ཚོས་ཕྱི་ཟླ་༣པའི་ཚེས་༡༠བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ནས་འགོ་བཙུགས་ བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་ནང་ཞི་བའི་རང་དབང་སྒེར་ལངས་བྱས་ཡོད་པར་ དེར་རྒྱ་ནག་གཞུང་གིས་དྲག་གནོན་གྱིས་ཉུང་མཐར་ཡང་བོད་མི་བརྒྱ་དང་ལྔ་བཅུ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པར་ དེ་རིང་གི་ཉིན་མོ་དེ་བཙན་བྱོལ་བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་སྐུ་སྲོག་ཤོར་བའི་རྒྱལ་བཅེས་དཔའ་བོ་དང་
དཔའི་མོ་རྣམས་ཀྱི་བདུན་ཚིག་ཞག་བཞི་བཅུ་ཞེ་དགུར་མཚོན་དོན་དུ་ བོད་མིའི་འདི་ཕྱི་གཉིས་ཀྱི་སྐབས་གནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བླ་ཆེན་རྣམས་དབུ་བཞུགས་ཀྱིས་
སྨོན་ལམ་མཆོད་འབུལ་རྒྱ་ཆེ་ཞིག་གནང་ཡོད་པ་དང་ ཕྱོགས་མཚུངས་ཀྱི་སྨོན་ལམ་གསོལ་འདོན་ བཙན་བྱོལ་བོད་མི་གནས་ཡུལ་ རྒྱལ་སྤྱིའི་ཡུལ་ཁག་ཚང་མའི་ནང་གོ་སྒྲིག་གནང་བཞིན་ཡོད་པ་དང་ དཔེར་ན་འདི་ག་ཨ་རིའི་རྒྱལ་སའི་མངའ་ཁུལ་མ་མཚོན་ནའང་ དེ་རིང་ཉིན་རྒྱབ་ཕྱག་ཚོད་གཉིས་དང་ཕྱེད་ཀའི་ཐོག་བོད་རིགས་དང་ཕྱི་རྒྱལ་ནང་ཆོས་དོན་གཉེར་བ་བཅས་ནས་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་ཁུངས་ལ་འདུ་འཛོམས་བརྒྱུད་ སྨོན་ལམ་གསོལ་འདེབས་ཞུས་ཡོད་པ་རེད་།