བོད་ཀྱི་གནད་དོན་དེ་ཡིད་ཆེས་དང་གུས་བརྩིའི་སྒོ་ནས་སེལ་དགོས།
2009.01.24
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནད་དོན་དེ་ཕན་ཚུན་ཡིད་ཆེས་དང་གུས་བརྩིའི་སྒོ་ནས་སེལ་དགོས་སྐོར་རྒྱ་ནག་གཞུང་ལ་བཀའ་གནང་འདུག ཁ་ས་རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཨིན་ཌི་ཡེན་ཨེསི་པེ་རེསི་ཡིས་གནས་ཚུལ་སྤེལ་དོན་ལྟར་ན་༸གོང་ས་མཆོག་གིས་བོད་དང་རྒྱ་ནག་གཞུང་གཉིས་ཕན་ཚུན་ཡིད་ཆེས་ཡོད་པའི་སྒོ་ནས་བོད་ནང་བརྟན་ལྷིང་ཡོང་རྒྱུ་ལས་དྲག་ཤུགས་བེད་སྤྱོད་བཏང་ནས་ཡོང་རྒྱུ་མིན་སྟབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་ཤུགས་བེད་སྤྱོད་གཏང་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་སྐོར་དང་ཡང་ཡིད་ཆེས་ཀྱང་ཕན་ཚུན་གཉིས་གུས་བརྩིའི་ཐོག་ནས་ཡོང་རྒྱུ་ཡིན་པས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་བཞིན་དངོས་ཡོད་བདེན་པའི་གནས་ཚུལ་དང་རྒྱུ་མཚན་ལྡན་པའི་སྒོ་ནས་སེལ་དགོས་སྐོར་རེས་གཟའ་ལྷག་པའི་ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མ་ཌ་ར་སེའི་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་གྲུབ་པའི་རྗེས་སུ་གྲོང་ཁྱེར་ཅེ་ནའེ་ནང་གསར་འགོད་པ་ཚོར་བཀའ་གནང་འདུག ཡང་གསར་འགོད་པས་བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབ་ཐོབ་བཟོ་ཡོང་མེད་སྐོར་བཀའ་འདྲི་ཞུ་སྐབས་༸གོང་ས་མཆོག་གིས་དུས་ཚོད་སྔ་ཕྱི་ཙམ་ལས་བོད་ལ་མིང་དོན་མཚུངས་པའི་རང་སྲིང་རང་སྐྱོང་གི་གནས་བབ་ངེས་པར་དུ་ཐོབ་རྒྱུ་ཡིན་སྐོར་བཀའ་གནང་འདུག ཡང་༸གོང་ས་མཆོག་གིས་བོད་པའི་མི་རབས་གསར་པའི་གཞོན་སྐྱེས་རྣམས་ནི་དེ་སྔའི་མི་རབས་རྣམས་ལས་སེམས་ཤུགས་ཆེ་བ་དང་ཆོས་སེམས་བརྟན་པ་ཡོད་ལ་འཛམ་གླིང་ཡོངས་ལ་ཡང་བོད་ཀྱི་བདེན་དོན་ཐབས་རྩོད་ཐད་ཤེས་རྟོགས་ཆེ་བ་ཡོད་སྐོ་བཀའ་གནང་བ་མ་ཟད་རྒྱ་རིགས་སློབ་ཕྲུག་དང་དགེ་རྒན།ཁྲིམས་རྩོད་པ་གཙོས་པའི་མཁས་དབང་མང་པོས་བོད་མིས་ཞི་བའི་ལམ་ནས་བོད་ནང་རང་དབང་ཡོང་བའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གིས་བོད་ནང་ནོར་འཁྲུལ་ཅན་གྱི་སྲིད་ཇུས་འཛིན་བཞིན་པ་ཁག་ལ་ཁོང་ཚོ་སེམས་གཏིང་ནས་དགའ་ཡི་མེད་པ་རེད་ཅེས་དང་རྒྱ་ནག་གཞུང་གིས་བོད་མིའི་འཐབ་རྩོད་ལ་རྒྱུ་མཚན་ལྡན་པ་དང་དོན་དངོས་དང་མཐུན་པའི་ཐོག་ནས་གཟིགས་དགོས་སྐོར་ཡང་བཀའ་གནང་འདུག ༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ས་ཁུལ་ཁག་ཏུ་ཆིབས་བསྒྱུར་མཛད་འཕྲིན་བརླབ་ཆེན་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་ཕྱི་ཚེས་ཉི་ཤུ་གཉིས་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་བསྐྱངས་ཡོད་པ་རེད༎