དྲུག་བཞིའི་ལས་འགུལ་སྤེལ་ནས་ལོ་༢༢འཁོར་བའི་དུས་དྲན།
2011.05.28
༄༅༎ཧོང་ཀོང་ནང་རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དེར་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པས། དེ་རིང་ཕྱི་ཚེས་༢༨ཉིན་ཧོང་ཀོང་གི་དུང་ལོའོ་དབོན་ཐང་ཆེན་དུ་རང་དབང་ལྷ་མོའི་འཇེམས་སྐུ་སྒྲིག་ནས། དྲུག་བཞིའི་ལས་འགུལ་དེ་སྤེལ་ནས་ལོ་ངོ་༢༢འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།
རྒྱ་ནག་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་གྱི་ཧོང་ཀོང་གི་ཚོགས་པ་དེའི་ཚོགས་གཙོ་ལིའི་ཀྲོའོ་རན་གྱིས། ན་ནིང་ང་ཚོས་ཐང་ཆེན་དེའི་ཐོག་རང་དབང་ལྷ་མོའི་འཇེམས་སྐུ་བཏོན་ནས་ དུས་དྲན་དེར་སྲུང་བརྩི་ཞུས་པའི་རྐྱེན་གྱིས་ཧོང་ཀོང་ས་གནས་གཞུང་གིས་སྤྱི་པའི་སྤྲོ་སྤྱིད་གཏོང་ཡུལ་གྱི་སྒྲིག་སྲོལ་ནས་འགལ་བ་བརྗོད་ནས་ཚོགས་པ་དེ་ཁྲིམས་གཏུགས་བྱས་ཡོད་པ་དང་། དེར་བརྟེན་ད་རེས་ཚོགས་པ་དེས་སླར་ཡང་ས་གནས་ད་གའི་ཐོག་རང་དབང་ལྷ་མོའི་འཇེམས་སྐུ་སྒྲིག་གཤོམ་བྱས་ནས། ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཐབས་བྱ་རྒྱུ་ཡིན་ཞེས་གསུངས་འདུག
རྒྱ་ནག་གི་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་དེས། ཕྱི་ཚེས་༢༩ཉིན་ཧོང་ཀོང་གྲོང་ཁྱེར་ནང་དྲུག་བཞིའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ངོ་ལོ་༢༢འཁོར་བའི་དུས་དྲན་སྲུང་བརྩིའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། ཚོགས་པ་དེའི་ཚོགས་གཙོས་ཧོང་ཀོང་གི་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཨད་དབོད་དབོད་སོགས་རྒྱ་ནག་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་མང་པོ་ཞིག་ད་ལོ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་དེར་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད། ཧོང་ཀོང་མི་མང་དེ་བས་མང་བས་ད་རེས་ཀྱི་རྔམ་སྟོན་ཁྲོམ་སྐོར་ནང་བཞུགས་རྒྱུའི་འདུན་པ་བཅངས་ཀྱི་ཡོད་པ་གསུངས་འདུག།