རྒྱ་ནག་གིས་གསར་འགོད་པ་འཇུ་བཟུང་གིས་ཉེས་རྡུང་བཏང་འདུག
2016.09.15

ཧོང་ཀོང་གི་གསར་འགོད་པས་རྒྱ་ནག་ནང་གསར་འགོད་ལས་དོན་སྤེལ་བའི་སྐབས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་པ་མ་ཟད་ཉེས་རྡུང་བཏང་འདུག
དེ་ཡང་ཉེ་ཆར་རྒྱ་ནག་ཀོང་ཏུང་ཞིང་ཆེན་དབུའུ་ཁན་གྲོང་ཚོའི་གྲོང་མི་ཚོས། རྒྱ་ནག་གཞུང་གིས་གྲོང་ཚོ་དེའི་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་འཛིན་བཟུང་བཙོན་འཇུག་བྱས་པར་ངོ་རྒོལ་གྱི་རྔམ་སྟོན་དུས་ཡུན་ཟླ་བ་གཉིས་ལྷག་བྱས་པའི་རྗེས། རྒྱ་ནག་གཞུང་གིས་གྲོང་ཚོ་དེའི་ནང་དྲག་ཤུགས་ཀྱིས་གྲོང་མི་བཅུ་གསུམ་འཛིན་བཟུང་བྱས་པའི་གནས་ཚུལ་འགོད་མཁན་ཧོང་ཀོང་གི་གསར་འགོད་པ་ཁག་ཅིག་འཇུ་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཁོང་ཚོར་ཉེས་རྡུང་ཡང་བཏང་ཡོད་པའི་སྐོར་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་འདུག
ཧོང་ཀོང་མིང་པོག་ཚགས་ཤོག་གི་གསར་འགོད་པ་ཞིག་གིས་ཧོང་ཀོང་གི་བརྙན་འཕྲིན་བརྒྱུད་ལམ་ཐོག་གནས་ཚུལ་ངོ་སྤྲོད་བྱས་པའི་ནང་། གཟའ་ལྷག་པའི་ཉིན་ཁོང་དང་དེ་མིན་ཧོང་ཀོང་གི་གསར་འགོད་པ་གཉིས་དབུའུ་ཁན་གྲོང་ཚོའི་ཁང་པ་ཞིག་གི་ནང་བསྡད་སྐབས། ཉུང་མཐར་ཡང་མི་གྲངས་ཉི་ཤུ་རྩ་གྲངས་ཤིག་ཁོང་ཚོའི་ཁང་པའི་ནང་འཛུལ་ནས་པུས་མོ་ས་ལ་བཙུགས་བཅུག་པ་དང་། འགྲམ་བཅག་ཞུས་པ་སོགས་བྱས་ནས་ཁོང་ཚོ་ཁུལ་དེའི་ཉེན་རྟོག་ལས་ཁང་ཞིག་ཏུ་བཀག་ཉར་བྱས་ནས་དབུའུ་ཁན་གྲོང་ཚོའི་ནང་གང་འདྲ་བྱས་ནས་ཡོང་མིན་དང་། སུ་དང་འབྲེལ་བ་ཡོད་མེད། དེ་མིན་མ་འོངས་གྲོང་ཚོ་དེའི་ནང་རྩ་བ་ནས་ཡོང་གི་མིན་ཞེས་ཡི་གེ་བྲིས་ནས་ཁས་ལེན་བྱ་དགོས་ལུགས་ཀྱི་བཙན་དབང་བཏང་ཡོད་པའི་སྐོར་བརྗོད་འདུག
དེ་བཞིན་ཧོང་ཀོང་གི་ལྷོ་རྒྱ་ནག་རྒྱ་མཚོའི་ཕོ་ཉ་ཞེས་པའི་ཚགས་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་ཉེན་རྟོག་པས་ཧོང་ཀོང་གི་གསར་འགོད་པ་འཇུ་བཟུང་བཀག་ཉར་བྱས་བའི་གནད་དོན་དེའི་ཐོག་སེམས་ཚབས་ཆེན་པོ་ཡོད་པའི་སྐོར་གསལ་སྟོན་བྱས་ཡོད་འདུག ཧོང་ཀོང་གི་གསར་འགོད་མཐུན་ཚོགས་ནས་ཧོང་ཀོང་དམིགས་བསལ་ས་གནས་སྲིད་འཛིན་གཞུང་གིས། རྒྱ་ནག་ནང་གསར་འགྱུར་གནས་ཚུལ་འགོད་མཁན་གྱི་ཧོང་ཀོང་གི་གསར་འགོད་པ་རྒྱ་ནག་གི་ཉེན་རྟོག་པས་གང་བྱུང་འཇུ་བཟུང་བྱེད་པའི་གནད་དོན་དེའི་ཐོག་བརྟག་དཔྱད་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེའི་ནང་ཉུང་མཐར་ཡང་ཧོང་ཀོང་གི་གསར་འགོད་པ་ལྔ་ལ་རྒྱ་ནག་ཉེན་རྟོག་པས་ཉེས་རྡུང་བཏང་ནས་དབུའུ་ཁན་གྲོང་ཚོ་ནས་ཕྱིར་འབུད་བྱས་ཡོད་པ་འཁོད་འདུག
གསར་འགོད་པ་འཆི་མེད།