ཧོང་ཀོང་ནང་རྒྱ་ནག་དམངས་གཙོའི་ལས་འགུལ་ལ་རྗེས་དྲན།

ཧོང་ཀོང་ནང་རྒྱ་ནག་ནང་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་རྗེས་དྲན་སྐབས་ལས་འགུལ་བ་འཛིན་བཟུང་བྱས་པ།

2011.06.05

༄༅༎ཧོང་ཀོང་མི་དམངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་དེ་སྔ་༡༩༨༩ ལོར་རྒྱ་ནག་གཞུང་གིས་དམངས་གཙོའི་སློབ་ཕྲུག་ཐོག་དྲག་གནོན་བྱས་པའི་ལོ་འཁོར་དྲན་གསོར་མར་མེའི་ལས་འགུལ་སྤེལ་བའི་རྗེས། ཁྲིམས་འགལ་གྱི་འདུ་འཛོམས་བྱེད་མཁན་རེད་ཅེས་མི་གྲངས་༥༣ འཇུ་བཟུང་བྱས་ཡོད་པ་རེད།

ཧོང་ཀོང་ཉེན་རྟོག་པའི་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། རེས་གཟའ་སྤེན་པའི་ཉིན་དྲུག་བཞིའི་དོན་རྐྱེན་གྱི་དྲན་གསོའི་མར་མེའི་ལས་འགུལ་མཇུག་སྒྲིལ་བའི་རྗེས། མི་༥༣ དེ་དག་གིས་ལམ་གཞན་ཞིག་ཏུ་གོམས་བགྲོས་ཀྱིས་བསྐྱོད་བཞིན་ཡོད་པ་དང༌། ཧོང་ཀོང་ཉེན་རྟོག་པས་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང༌། འདུ་འཛོམས་ཀྱི་རང་དབང་ལ་བརྩི་འཇོག་ཞུ་ཡི་ཡོད་ཀྱང༌ཧོང་ཀོང་མི་དམངས་ཚོས་ངེས་པར་དུ་ཧོང་ཀོང་གི་ཁྲིམས་ལུགས་དང༌། སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་ལེན་བྱ་དགོས་ཀྱི་རེད། ཁོང་ཚོས་འཇུ་བཟུང་བྱས་པའི་མི་༥༣ དེ་དག་ནི་ཉེན་རྟོག་པར་རྒོལ་འཛིངས་བྱེད་མཁན་དང༌། འགལ་རྐྱེན་བཟོ་མཁན་ཡིན་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་པའི་སྐོར་བཀོད་ཡོད་པ་རེད། ་ཧོང་ཀོང་གི་བརྙན་འཕྲིན་ནང༌། ཉེན་རྟོག་པ་འཕོན་ཆེ་དང༌། ངོ་རྒོལ་བ་མི་གྲངས་༢༠༠ ཙམ་ཡོད་པ་དང༌། རྗེས་སུ་ཉེན་རྟོག་པས་ངོ་རྒོལ་བྱེད་མི་ཁག་ཅིག་མོ་ཊའི་ནང་བླུགས་ཏེ་ཁྲིད་ཡོད་པ་རེད། ཉེན་རྟོག་པའི་མགྲིན་ཚབ་པས། ཕེ་རན་སི་གསར་འགོད་པར། འཇུ་བཟུང་བྱས་པའི་མི་དེ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རེས་གཟའ་ཉིམའི་ཉིན་གུང་གོང་ལ་གློད་བགྲོལ་བཏང་ཡོད་པའི་སྐོར་གསུངས་ཡོད་ཅིང༌། འོན་ཀྱང་འཇུ་བཟུང་བྱས་པ་དེ་དག་ནང་དུ་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་ཡོད་མེད་བཀའ་འདྲི་ཞུས་པར་ལན་འདེབས་གང་ཡང་བྱས་མེད་པ་རེད། ཧོང་ཀོང་ནི་དེ་སྔ་ཨིན་ཇིའི་དམངས་གཙོའི་རྒྱལ་ཁབ་ཀྱི་མངའ་འོག་ནས་༡༩༩༧ ལོར་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་རྗེས། མི་དམངས་ལ་རང་དབང་ཆེ་ཙམ་ཡོད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་ནི། རྒྱ་ནག་སྐམ་ས་ཆེན་པོའི་མི་དམངས་ཚོར་ངོ་རྒོལ་ལས་འགུལ་སྤེལ་ཆོག་པའི་ཐོབ་ཐང་མེད་པ་དེ་ཧོང་ཀོང་མི་དམངས་ཚོར་ཐོབ་ཐང་ཡོད་པ་མ་ཟད། ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་མི་འཇུ་བཟུང་བྱས་པའི་གནས་ཚུལ་ཡང་ཧ་ཅང་གི་ཉུང་ཉུང་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎