ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོ་གློད་བཀྲོལ་གཏོང་དགོས་བ་ཨ་མི་རི་ཀས་དགོས་འདུན་བཏོན་འདུག
2020.10.29
ཨ་མི་རི་ཀས་ཧོང་ཀོང་ནང་རང་དབང་སྤྲོད་དགོས་བ་དང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོ་གློད་བཀྲོལ་གཏོང་དགོས་བའི་དགོས་འདུན་བཏོན་འདུག
དེ་ཡང་འདི་ཚེས་༢༩་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ཡིས་བསྒྲགས་གཏམ་སྤེལ་ནས། རྒྱ་ནག་གཞུང་གིས་༡༩༩༧་ལོར་ཁས་ལེན་བྱས་བའི་ཧོང་ཀོང་ས་གནས་རང་སྐྱོང་དང་རང་དབང་རྩིས་མེད་བཏང་ནས་ཧོང་ཀོང་ས་གནས་རང་སྐྱོང་གི་གནས་བབས་ལ་གཏོར་བརླག་བཏང་བ་དང་། ཞི་བའི་ལས་འགུལ་ལ་དྲག་གནོན་བྱས་བ་མ་ཟད། དམངས་གཙོའི་ལས་འགུལ་བ་ཚོ་འཛིན་བཟུང་བྱས་བའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ། ཧོང་ཀོང་གི་ས་གནས་སྲིད་གཞུང་གི་འབྲེལ་ཡོད་ཚན་པས་དམངས་གཙོའི་ན་གཞོན་ལས་འགུལ་བ་མུ་མཐུད་དུ་བཀག་ཉར་བྱས་ཡོད་པ་ཚོ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་བའི་དགོས་འདུན་ནན་པོ་བཏོན་ཡོད་པ་དང་། རྒྱ་ནག་གཞུང་གིས་སྟངས་འཛིན་བྱས་བསྡད་ཡོད་པའི་ཧོང་ཀོང་ས་གནས་སྲིད་གཞུང་གིས་མུ་མཐུད་དུ། ཧོང་ཀོང་མི་མང་གི་རང་དབང་ལས་འགུལ་དང་རང་དབང་གི་བསམ་ཚུལ་ཐོག་དྲག་གནོན་བྱས་ནས་ཆབ་སྲིད་ལག་ཆར་བེད་སྤྱོད་བྱེད་བཞིན་པར་སྐྱོན་བརྗོད་བྱས་འདུག
རང་ལོ་༡༩ཡིན་པའི་ན་གཞོན་ལས་འགུལ་བ་(Tony Chung)ཉེ་བའི་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་ཉེ་འགྲམ་ནས་འཛིན་བཟུང་བྱས་ནས། ཁོང་ཉེ་བའི་ཆར་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་བ་དང་འགལ་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་མུ་མཐུད་དུ། དེ་སྔ་སྤྱི་ལོ་༡༩༩༧ལོར་རྒྱ་ནག་གཞུང་གིས་ཁས་ལེན་བྱས་བ་ལྟར། ཧོང་ཀོང་ས་གནས་རང་སྐྱོང་རང་དབང་གི་གནས་བབས་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་དང་། ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་དགོས་བ་ནན་བརྗོད་བྱས་འདུག