ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཕྱུག་བདག་ཅིག་འཛིན་བཟུང་དང་ཁོང་གི་གསར་ཁང་སྔོག་བཤེར།
2020.08.10

ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་མཁན་ཕྱུག་བདག་ཇེམ་མཡེ་ལེ་ཐེ་བའི་མི་དགུ་འཛིན་བཟུང་བྱས་ཐོག་ཁོང་གི་གསར་ཁང་དང་ལས་ཁུངས་ལ་ཉེན་རྟོག་པ་མང་པོ་བཙན་གྱིས་འཛུལ་ཏེ་སྔོག་བཤེར་བྱས་འདུག
ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་གི་(next digital)་ཞེས་པའི་གསར་འགྱུར་ལས་རིགས་ཀྱི་ཚོང་ལས་ཁང་གསར་འཛུགས་གནང་མཁན་སྐུ་ཞབས་ཇེམ་མཡེ་ལེ་(Jimmy Lai)་ཐེ་བའི་མི་དགུ་འཛིན་བཟུང་བྱས་ཐོག་ཁོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་ཉེན་རྟོག་པ་མང་པོ་བཙན་གྱིས་འཛུལ་ཏེ་སྔོག་བཤེར་བྱས་འདུག
ཕྱི་ཚེས་༡༠་ཉིན། ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་ནང་གི་(next digital)་ཞེས་པའི་གསར་འགྱུར་ལས་རིགས་ཀྱི་ཚོང་ལས་ཁང་གསར་འཛུགས་གནང་མཁན་སྐུ་ཞབས་ཇེམ་མཡེ་ལེ་(Jimmy Lai)་དང་། ཁོང་བུ་གཉིས་ཐེ་བའི་གསར་འགྱུར་ཁང་དེའི་མཐོ་རིམ་མི་སྣ་དགུ་ལས་ཁུངས་ནས་འཛིན་བཟུང་བྱས་ཡོད་པ་དང་། ཉེན་རྟོག་པས་ཁོང་ཚོས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ཟེར་བ་དེ་དང་རྒྱབ་འགལ་བྱས་བ་ཡིན་ཚུལ་དང་། གོང་བརྗོད་མི་སྣ་དེ་དག་ནས་ཕྱི་རྒྱལ་གྱི་དབང་ཤུགས་དང་ལག་འབྲེལ་བྱས་ཚུལ་གྱི་ཉེས་བ་འཛུགས་ཀྱི་ཡོད་ལ། ད་དུང་ཉེན་རྟོག་པ་བརྒྱ་ཕྲག་ཁོང་གིས་བཙུགས་པའི་ཀུ་ཤུ་ཉིན་ཪེའི་གསར་ལས་ཁང་ནང་བཙན་གྱིས་འཛུལ་ནས་སྔོག་བཤེར་བྱས་ཐོག་ཁོང་ཚོར་གསར་ཁང་དེ་སྔོག་བཤེར་བྱེད་ཆོག་པའི་བཀའ་འཁྲོལ་ཡོད་སྐོར་བརྗོད་འདུག་ལ། རྒྱ་ནག་དབུས་བརྙན་འཕྲིན་ནང་ཇེམ་མཡེ་ལེ་ནི་ཧོང་ཀོང་གི་བདེ་འཇགས་ཐད་གཏོར་བརླག་བྱེད་མཁན་ཡིན་ཚུལ་སྒྲོག་གི་ཡོད་པ་རེད།
ཡིན་ནའང་གནས་ཚུལ་ནང་གསལ་ལྟར་ན། གོང་གི་གསར་འགྱུར་ཁེ་ལས་ཁང་དེའི་མ་རྐང་ཁྲོམ་རའི་དངུལ་འཛིན་དེང་ཐོག་སྒོ་ཕྱེ་དུས་ལས་བརྒྱ་ཆའི་༡༦་མར་ཆགས་ཡོད་ཀྱང་། ཉིན་གུང་གློ་བུར་ཡར་འཕར་ཏེ་དགོང་མོ་སྒོ་རྒྱག་དུས་དེང་ཐོག་གི་རིན་བབ་དང་བསྡུར་ན་ལྡབ་གཉིས་ལ་ཉེ་བ་ཡར་འཕར་ཡོད་པས། གནས་ཚུལ་དེ་ནི་མི་མང་གིས་ཧོང་ཀོང་གི་གསར་འགྱུར་རང་དབང་ཐད་རྒྱབ་སྐྱོར་བྱས་བ་ཡིན་པ་བཀོད་འདུག
གནས་ཚུལ་ཐོན་མ་ཐག ཧོང་ཀོང་དམངས་གཙོ་ཕྱོགས་ཁག་གི་མི་སྣས་གསལ་བསྒྲགས་སྤེལ་ཏེ་ཧོང་ཀོང་ཉེན་རྟོག་པའི་བྱ་སྤྱོད་དེ་ནི་གསར་འགྱུར་རང་དབང་ཐད་ཡ་ང་བའི་དྲག་གནོན་བྱས་བར་ངོས་འཛིན་གྱིས་སྐྱོན་བརྗོད་བྱས་འདུག
ད་ལྟ་དགུང་ལོ་༧༡་ཡིན་པའི་ཇེམ་མཡེ་ལེ་ཡིས་ཧོང་ཀོང་གི་དམངས་གཙོའི་འཐབ་རྩོད་ལས་འགུལ་ཐོག་ནུས་ཤུགས་འདོན་མཁན་གཙོ་བོ་ཞིག་ཡིན་པ་དང་། ད་བར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་རིགས་དང་ཧོང་ཀོང་གི་དམངས་གཙོ་སྲིད་དོན་ཚོགས་པར་རྒྱུ་དངོས་གཉིས་ཀྱི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། སྤྱི་ལོ་༡༩༩༠་ལོར་(next digital)་ཞེས་པའི་གསར་འགྱུར་བརྒྱུད་ལམ་ཚོང་ལས་ཁང་དེ་གསར་འཛུགས་དང་། དེའི་གཤམ་འོག་ན་ཀུ་ཤུ་ཉིན་རེའི་གསར་ཤོག་(Apple Daily)་དང་གཅིག་དུས་དེབ་སོགས་ཡོད་པ་དང་། (next digital)་ཞེས་པའི་གསར་འགྱུར་ལས་ཁང་ནི། ནམ་རྒྱུན་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཇེམ་མཡེ་ལེ་ནི་ཧོང་ཀོང་གི་གསར་འགྱུར་རང་དབང་གི་དར་ཆ་ལྟ་བུར་ངོས་འཛིན་བྱེད་བཞིན་པ་དང་། ཁོང་ནི་ད་ཐེངས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་བ་ཟེར་བའི་འོག་འཛིན་བཟུང་བྱས་པའི་ཧོང་ཀོང་གི་མི་སྣ་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།