ཨ་རིས་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་ཚོགས་མི་དང་ཁོང་ཚོའི་ནང་མི་ཚོར་ཉེས་ཆད་འགེལ་སྲིད་པ།
2020.06.12
ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཚང་མ་དང་ཁོང་ཚོའི་ནང་མི་ཚོར་ཉེས་ཆད་འགེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་༡༤༧་ལས་གྲུབ་པའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཞིབ་འཇུག་ཚོགས་ཆུང་གིས། ཕྱི་ཚེས་༡༠་ཉིན་རྒྱལ་ཁབ་བདེ་འཇགས་འཐབ་བྱུས་སྐོར་གྱི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། རྒྱ་ནག་དམར་ཤོག་གཞུང་གིས་ཨ་རིའི་ཁེ་ཕན་ལ་གནོད་འཚེ་གཏོང་བཞིན་པའི་རྒོལ་ལན་སློག་ཆེད་དང་། ལྷག་པར་དུ་རྒྱལ་སྤྱིའི་སྒྲིག་སྲོལ་སླར་གསོ་བྱ་རྒྱུ་སོགས་ལ་བརྟེན་ནས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་ཉེས་ཆད་འགེལ་རྒྱུའི་སྐོར་བཏོན་ཡོད་པ་དང་། དེའི་ནང་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་འགོ་ཁྲིད་ཚོ་དང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་༢༢༨༠་ཡོད་པ་རྣམས། དེ་བཞིན་ཁོང་ཚོའི་ནང་མི་ཚོ་ཨ་རིའི་ནང་ཡོང་རྒྱུ་དང་སློབ་སྦྱོང་བྱ་བར་ཡོང་རྒྱུར་བཀག་སྡོམ་བྱ་དགོས་པའི་སྐོར་བཏོན་ཡོད་ཅིང་། དམིགས་བསལ་ཤིན་ཅང་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་ཀོའི་ལ་ཉེས་ཆད་འགེལ་རྒྱུ་སོགས་དམིགས་བཀར་མིང་འདོན་གྱིས་བཏོན་གནང་ཡོད་པ་རེད།
སྙན་ཐོ་དེའི་ནང་ད་དུང་ཧོང་ཀོང་དང་ཤིན་ཅིང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་ཚོར་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་སྐོར་ཡང་བཏོན་ཡོད་འདུག དེ་ཚོའི་ནང་བོད་དང་ཤིན་ཅིང་ནང་གི་དཔོན་རིགས་ཚོའི་ནང་མི་ཨ་རིའི་ནང་ཡོད་པ་ཚོ་དང་། དེ་བཞིན་ཁོང་ཚོས་ཨ་རིའི་དངུལ་ཁང་དང་མ་རྩ་འཛུགས་འཇོག་ནང་བཞག་པའི་མ་དངུལ་རྣམས་བཀག་སྡོམ་བྱེད་དགོས་པ་སོགས་བཀོད་ཡོད་པ་རེད།
ཤིན་ཅང་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་ཀོའི་ལ་ཉེས་ཆད་འགེལ་རྒྱུ་སོགས་དམིགས་བཀར་བྱས་ཡོད་པ་ནི། ཁོང་གིས་ཤིན་ཅིང་ས་གནས་ཀྱི་འགོ་ཁྲིད་མ་བྱས་སྔོན་བོད་ནང་འགོ་ཁྲིད་བྱས་ཡོད་པ་དང་། དེའི་རིང་བོད་ནང་དྲག་གནོན་བྱས་ནས། བོད་མིའི་ཐོག་དམ་དྲག་བཀག་སྡོམ་དང་བསམ་བློའི་སློབ་གསོའི་ཟེར་བའི་སྲིད་བྱུས་ལག་བསྟར་བྱས་ནས་རྒྱ་གར་ནས་ཕྱིར་ལོག་ཕེབས་པའི་བོད་མི་མང་པོ་འཇུ་བཟུང་གིས་བཀག་ཉར་བྱས་བའི་གནས་ཚུལ་བྱུང་ཡོད། ད་ལྟ་སྲིད་བྱུས་དེ་ཁོང་གི་འགོ་ཁྲིད་འོག་ཤིན་ཅིང་ནང་ལག་བསྟར་བྱས་ནས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་ས་ཡ་ལྷག་ཙམ་སློབ་གསོ་བསྐྱར་མ་ཟེར་བའི་མིང་ཐོག་ནས་བཀག་ཉར་བྱས་པའི་གནས་ཚུལ་འཛམ་གླིང་ཡུལ་ལ་ཁྱབ་ཡོད་པ་རེད།