རྒྱ་ནག་གི་སྲིད་འཛིན་ནས་གསར་འགོད་པར་ལན་འདེབས།
2008.08.01
༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ཡིས་ཕྱི་ཟླ་བརྒྱད་པའི་ཚེས་༡ཉིན་པེ་ཅིང་དུ་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་༢༥ཙམ་གྱི་གསར་འགོད་པའི་བཅའ་འདྲིར་ལན་འདེབས་གནང་བའི་སྐབས་གསུང་ན། ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་སྲིད་དོན་ཅན་དུ་འགྱུར་རྒྱུ་དེ་ནི་ཨོ་ལིམ་པིག་རྩེད་འགྲན་གྱི་དོན་སྙིང་དང་མཐུན་གྱི་མེད་པའི་ཁར། གནད་དོན་ཐག་གཅོད་ཡོང་རྒྱུར་ཡང་ཕན་ཐོགས་གང་ཡང་མེད་པ་དང༌། ད་དུང་འཛམ་གླིང་ཡུལ་གྲུ་ཁག་གི་མི་མང་ཚོའི་རེ་བ་དང་ཡང་རྒྱལ་འགལ་ཆགས་ཀྱི་ཡོད་ལུགས་བརྗོད་ཡོད་པ་རེད། ཧུའུ་ཇིང་ཐའོ་ཡིས་ ད་རེས་ཀྱི་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་ཟིན་གྱི་ཡོད་པའི་རྒྱ་ནག་ནང་སྤེལ་ཐུབ་པ་དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱིས་རྒྱ་ནག་ལ་ཡིད་ཆེས་ཡོད་པ་ཞིག་མཚོན་ཐུབ་ཀྱི་ཡོད་པ་རེད་ལ། པེ་ཅིང་ལ་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་ཡུལ་གྲུའི་གོ་སྐབས་ཐོབ་པའི་རྗེས་ རྒྱ་ནག་གཞུང་དང་མི་མང་གིས་རྒྱལ་སྤྱིའི་ཐོག་ཁས་ལེན་བྱས་པ་བཞིན་དེ་དག་ལག་བསྟར་བྱས་ནས་ ཨོ་ལིམ་པིག་ལྷན་ཁང་དང་རྒྱལ་སྤྱིའི་ཨོ་ལིམ་པིག་ཁྱིམ་ཚང་ཆེན་པོ་དང་ཧུར་བརྩོན་གྱིས་མཉམ་ལས་བྱས་ནས་ལས་དོན་ཁག་ལེགས་སྒྲུབ་བྱས་ཡོད་ལུགས་དང༌ རྒྱ་ནག་མི་མང་ཚོས་ད་རེས་ཀྱི་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་རྒྱ་ནག་ལ་གལ་ཆེའི་གོ་སྐབས་བཟང་པོ་ཞིག་ཡིན་པར་ཡིད་ཆེས་ཀྱིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་རྒྱལ་སྤྱིའི་ལུས་རྩལ་ལྷན་ཚོགས་ཤིག་སྤེལ་རྒྱུ་ལེགས་སྒྲུབ་ཡོང་རྒྱུའི་རེ་བ་བྱེད་བཞིན་པ་བརྗོད་ཡོད་པ་རེད། ཧུའུ་ཇིང་ཐའོ་ཡིས་ཨོ་ལིམ་པིག་རྩེད་འགྲན་མཇུག་བསྒྲིལ་བའི་རྗེས་རྒྱ་ནག་ནང་དཔལ་འབྱོར་གྱི་བསྒྱུར་བཅོས་ལས་དོན་འཐུས་སྒོ་ཚང་དུ་བཏང་ནས་ མུ་མཐུད་དཔལ་འབྱོར་དང་སྲིད་དོན་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུ་ཁས་ལེན་བྱས་ཡོད་པ་རེད།