དོན་གྲུབ་དབང་ཆེན་ལ་ཁྲིམས་བཤེར་དྲང་བདེན་དགོས་པའི་རེ་སྐུལ།
2009.08.04
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་ཟླ་བ་འདིའི་ཕྱི་ཚེས་གསུམ་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་གྱི་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་བའི་ནང་ན་ནིང་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དོན་གྲུབ་དབང་ཆེན་ལགས་སུ་ཁྲིམས་བཤེར་དྲང་བདེན་དང་ཁྲིམས་བཤེར་ཕྱི་གསལ་ནང་གསལ་ཡོང་ཐབས་བྱེད་དགོས་པ་མ་ཟད་ཁྲིམས་བཤེར་བྱེད་པའི་སྐབས་ངེས་པར་དུ་ཁོང་སྒེར་གྱི་ཁྲིམས་རྩོད་པ་ཁྲིམས་ཁང་དུ་ཡོང་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པའི་སྐོར་བཀོད་ཡོད་པ་ལུང་འདྲེན་གནང་བ་དང་ད་དུང་གསལ་བསྒྲགས་དེའི་ནང་དུ་ཁ་སྔོན་དོན་གྲུབ་དབང་ཆེན་ལགས་ཀྱི་ནང་མི་ཚོས་ཁོང་ལ་བསྐྱལ་བའི་ནག་ཉེས་དག་སེལ་ཆེད་དུ་སྒེར་གྱི་ཁྲིམས་རྩོད་པ་ལི་ཏུན་དབྱོང་ཟེར་བ་གླས་ཡོད་ཀྱང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་དཔོན་རིགས་དང་པེ་ཅིང་གི་ཁྲིམས་ཁང་གཉིས་ནས་ཁོང་ལ་གཞུང་གིས་ཁྲིམས་རྩོད་པ་ཆེད་འཛུགས་ཡོད་ལུགས་བཤད་དེ་སྒེར་གྱི་ཁྲིམས་རྩོད་པ་གླ་ཆོག་པའི་ཐོབ་ཐང་མ་སྤྲད་པའི་བྱ་སྤྱོད་དེ་ཚོ་ནི་རྒྱ་ནག་གི་ཁྲིམས་ལུགས་བརྩི་མེད་རྡོག་རོལ་དུ་བཏང་བའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པའི་བྱ་སྤྱོད་ཅིག་ཡིན་པས་ཉེས་ཅན་པ་གང་ཞིག་ཡིན་རུང་བཙོན་ཁང་དང་དོ་དམ་བཀག་ཉར་གང་འདྲ་ཞིག་གི་གནས་སྟངས་འོག་ཡོད་ཀྱང་རང་ཉིད་ཀྱི་ནག་ཉེས་དག་འབུད་བྱ་རྒྱུར་སྒེར་གྱི་ཁྲིམས་རྩོད་པ་གླ་ཆོག་པ་མ་ཟད་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རེད་ཅེས་དང་རྒྱ་ནག་གཞུང་གིས་དོན་གྲུབ་དབང་ཆེན་ལ་གང་ལྟར་ཕྱི་ནང་གསལ་གྱི་ཁྲིམས་བཤེར་བྱེད་ཆོག་པའི་ཐོབ་ཐང་སྤྲོད་པའམ་ཡང་ན་འཕྲལ་དུ་གློད་འགྲོལ་གཏོང་དགོས་པ་ཡིན་ཞིང་གལ་ཏེ་རྒྱ་ནག་གཞུང་ཕྱོགས་ནས་མུ་མཐུད་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པའི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱས་པ་ཡིན་ཚེ་རྒྱ་ནག་གི་ཁྲིམས་ལུགས་ལ་བརྩི་བཀུར་དང་ཡིད་ཆེས་མེད་པ་འགྱུར་རྒྱུ་ཁོ་ན་ཡིན་པ་གསུང་ཡོད་པ་རེད། དོན་གྲུབ་དབང་ཆེན་ལགས་ཀྱིས་ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་ཀྱི་གོང་དུ་བོད་ཆོལ་ཁ་གསུམ་གྱི་བོད་མི་རྒན་གཞོན་དར་གསུམ་ལ་ཕྱི་ལོ་༡༩༥༩ནས་ད་བར་གྱི་བོད་ནང་གི་བོད་མི་ཚོའི་འཚོ་བ་དང་ཤེས་ཡོན།ཆོས་དད་རང་དབང་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པའི་དངོས་བྱུས་གློག་བརྙན་ཞིག་བཟོ་སྐྲུན་བྱས་པར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད་ཁོང་ལ་མི་ཆོས་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་སྟེ་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་གི་སྐྱོ་པོ་ཡོད་པའི་ཁར་མཆིན་པའི་ནད་གཞི་ཡང་ཕོག་ཏེ་སྨན་བཅོས་ཀྱང་བྱེད་བཅུག་གི་མེད་པའི་གནས་སྟངས་འོག་ལྷུང་ཡོད་པ་རེད།