རྒྱ་ནག་ནང་ཊེག་སི་གཏོང་མཁན་ཁ་ལོ་བ་ཚོས་ངོ་རྒོལ་བྱས་པ།
2009.04.12
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་དབུས་ཧུའུ་ནན་ཞིང་ཆེན་གྱི་ཡུའེ་དབྱངས་གྲོང་ཁྱེར་ནང་ཊེག་སི་གཏོང་མཁན་ཁ་ལོ་བ་ཚོས་ས་གནས་གཞུང་གི་མདུན་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
དེ་ཡང་རེས་གཟའ་པ་སངས་ཉིན་ཊེག་སི་གཏོང་མཁན་གྱི་ཁ་ལོ་བ་ཁག་ཅིག་གིས་ཡུའེ་དབྱངས་གྲོང་ཁྱེར་ལྷན་ཁང་གི་ལས་ཁུངས་མདུན་འདུ་འཛོམས་ཀྱིས་ཊེག་སི་གཡར་པོ་གཏོང་མཁན་གྱི་ཚོང་ལས་པ་ཚོས་ཟླ་རེའི་ཊེག་སི་གཡར་གླ་རིན་གོང་ཆེན་པོ་ལེན་གྱི་ཡོད་པ་དེ་དག་ཐོག་ས་གནས་གཞུང་གིས་ཚོང་ལས་པ་ཚོ་དང་སྐད་ཆ་བྱས་ཏེ་ཟླ་རེའི་ཊེག་སི་གཡར་གླ་ཉུང་དུ་གཏང་ཐབས་ཀྱི་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་པའི་ལས་འགུལ་ཞིག་འགོ་བཙུགས་པ་དང་དེ་རྗེས་རེས་གཟའ་སྤེན་པའི་ཉིན་མུ་མཐུད་ཊེག་སི་ཁ་ལོ་བ་མང་པོ་ཞིག་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཏེ་ཉིན་གཉིས་རིང་བཏུད་མར་འགྲིམས་འགྲུལ་མཚམས་འཇོག་བྱས་པར་བརྟེན་ཉེན་རྟོག་པས་ཊེག་སི་གཏོང་མཁན་ཁ་ལོ་བ་བཅུ་གཅིག་འཛིན་བཟུང་བྱས་ཏེ་ཁོང་ཚོས་ཊེག་སི་འགྲིམས་འགྲུལ་གྱི་ལས་དོན་མཚམས་འཇོག་བྱས་པ་དང་ཊེག་སི་གཏོང་མཁན་གྱི་ཁ་ལོ་བར་གཞན་དག་ལ་བཙན་དབང་གི་སྒོ་ནས་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་དགོས་ཞེས་ཉེས་རྡུང་བཏང་བ་དང་ཁོང་ཚོའི་མོ་ཊ་གཏོར་སྐྱོན་བཏང་བའི་ནག་ཉེས་ཉེས་འཛུགས་བྱས་ཡོད་པ་རེད། རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་གྱི་ཡུའེ་དབྱངས་གྲོང་ཁྱེར་དེའི་ནང་དུ་ཊེག་སི་གཡར་པོ་གཏོང་མཁན་གྱི་ཚོང་ལས་ཁང་བཅུ་གཅིག་ཡོད་པ་དང་ཁོང་ཚོས་ཊེག་སི་ཆིག་སྟོང་དྲུག་བརྒྱ་ཁ་ལོ་བ་གསུམ་སྟོང་ལ་གཡར་པོ་བཏང་ཡོད་ཅིང་ཊེག་སི་གཡར་པོ་གཏོང་མཁན་གྱི་ཚོང་ལས་དང་ཁ་ལོ་བའི་བར་དུ་བཞག་པའི་འགན་རྒྱའི་ནང་ཁ་ལོ་བ་ཚོས་ཊེག་སི་གཡར་པོ་གཏོང་མཁན་གྱི་ཚོང་ལས་དེ་དག་ལ་ཟླ་རེར་རྒྱ་མིའི་སྒོ་མོ་དྲུག་སྟོང་བཞི་བརྒྱ་ཙམ་སྤྲོད་དགོས་པའི་གཏན་འབེབས་བཟོས་ཡོད་པར་བརྟེན་ཁ་ལོ་བ་ཚོས་གཡར་གླ་རིན་གོང་ཆེན་པོ་དེ་ཙམ་སྤྲོད་མི་དགོས་པ་ས་གནས་གཞུང་གིས་འགྲིག་འཇག་གི་རོགས་རམ་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་པ་རེད༎