ཨ་རིའི་མངའ་སྡེ་ཨ་ཡོ་ལྦར་ཞིའི་ཅིན་ཕིང་ལ་ངོ་རྒོལ།

ཨ་ཡོ་ལྦ་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞིའི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

2012.02.16

༄༅༎རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་ཨ་རིའི་རྒྱལ་སའི་ནང་གི་འཚམས་འདྲིའི་རྗེས་ཨ་རིའི་མངའ་སྡེ་ཨ་ཡོ་ལྦ་དུ་འཚམས་འདྲིར་འབྱོར་ཡོད་པ་ལྟར་རེས་གཟའ་ལྷག་པའི་ཉིན་ཨ་ཡོ་ལྦ་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་ཨ་རིའི་མངའ་སྡེ་ཨ་ཡོ་ལྦའི་རྒྱལ་ས་ཌེ་མོའེན་ནང་དུ་ཡོད་པའི་ས་གནས་གྲོས་ཚོགས་ཀྱི་ནང་དུ་རེས་གཟའ་ལྷག་པའི་དགོང་དྲོ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་དང་མངའ་སྡེའི་སྲིད་སྐྱོང་པ་སྐུ་ཞབས་ཀྲེ་རི་སྦེརེན་སི་ཀྲེདྲ་གཙོས་པའི་གནད་ཡོད་མི་སྣ་བཅས་ལ་གསོལ་སྟོན་གོ་སྒྲིག་ཞུས་ཡོད་པ་བརྟེན་ནས་རེས་གཟའ་ལྷག་པའི་སྔ་དྲོ་ས་གནས་གྲོས་ཚོགས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་འགོ་བཙུགས་པ་དང༌། དེ་རྗེས་ངོ་རྒོལ་བྱེད་མི་རྣམས་རྒྱལ་སའི་ལྷོ་ཕྱོགས་སུ་ཡོད་པའི་སྤྱི་གླིང་བར་གོམ་བགྲོས་བྱེད་བཞིན་དུ་ངོ་རྒོལ་བྱས་ཡོད་པ་མ་ཟད། དེ་ནས་མུ་མཐུད་ནས་གཞུང་གི་ལས་ཁུངས་ཕྱོགས་སུ་ངོ་རྒོལ་བྱེད་བཞིན་བསྐྱོད་ཡོད་པ་རེད།
ད་རེས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་ཨ་རིའི་མངའ་སྡེ་ཨ ཡོ་ལྦ་ནང་དུ་འཚམས་འདྲི་བྱེད་པའི་སྐབས་དེར་ངོ་རྒོལ་ལས་འགུལ་གོ་སྒྲིག་གནང་མཁན་གྲས་ཤིག་ནི་ཨ་མི་རི་ཀའི་ཨ་ཡོ་ལྦ་ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་པ་དང༌། ཚོགས་པ་དེའི་སྐུ་ཞབས་གེབ་རིཡེལ་ཕའེན་སི་ཀྲིན་ཞུ་བས། ཁོང་གིས་ངོ་རྒོལ་ལས་འགུལ་དེ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ནི། བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང༌། མངའ་སྡེའི་སྲིད་སྐྱོང་པས་རྒྱ་ནག་གཞུང་དང་འབྲེལ་ལམ་བྱ་ཕྱོགས་ལ་དོགས་ཟོན་བྱ་དགོས་པའི་གནོན་ཤུགས་སྤྲད་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་ཅིང༌། དེ་ཡང་ཁོང་གིས་གསུང་པར། ཨ་ཡོ་ལྦ་མངའ་སྡེའི་སྲིད་སྐྱོང་པས་འདིར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་དང་མཇལ་འཕྲད་ཀྱིས་རྒྱ་ནག་དང་ཚོང་འབྲེལ་བཙུགས་ཀྱི་ཡོད་པ་དང༌། འོན་ཀྱང་སྲིད་སྐྱོང་པས་རྒྱ་ནག་ལ་དངོས་ཟོག་ཕྱིར་ཚོང་ཇི་ཙམ་བྱ་རྒྱུ་དང༌། ཚོང་འབྲེལ་ཇི་ཙམ་བྱ་རྒྱུའི་གན་རྒྱ་བཞག་གི་ཡོད་ནའང་རྒྱ་ནག་ནི་མི་དམངས་ཐོག་ལ་དྲག་གནོན་བྱེད་མཁན་གྱི་སྲིད་དབང་སྒེར་འཛིན་པར་མུ་མཐུད་གནས་རྒྱུ་རེད། ང་ཚོས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་གཞུང་གིས་ངེས་པར་དུ་རྒྱ་ནག་གཞུང་དང་མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་དུ་ངེས་པའི་ཞིའི་ཅིན་ཕིང་ལ་རྒྱ་ནག་གི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཐབས་ལ་འགན་འཁུར་བཞེས་དགོས་ཀྱི་ཡོད་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎