རྒྱ་ནག་གཞུང་གིས་རྒྱ་གར་ལ་བཙན་འཛུལ་གྱི་སྣང་བརྙན་བཟོ་བ་དང་བོད་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དཔྱད་བརྗོད་སྤེལ་འདུག

2024.05.20
རྒྱ་ནག་གཞུང་གིས་རྒྱ་གར་ལ་བཙན་འཛུལ་གྱི་སྣང་བརྙན་བཟོ་བ་དང་བོད་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དཔྱད་བརྗོད་སྤེལ་འདུག རྒྱ་ནག་གཞུང་གིས་རྒྱ་གར་ལ་བཙན་འཛུལ་གྱི་སྣང་བརྙན་བཟོ་བཞིན་པའི་མཚོན་དོན་རི་མོ།
Illustration by Amanda Weisbrod/RFA; Images by Adobe Stock

ཟླ་འདིའི་ཕྱི་ཚེས་༡༨ཉིན་སྲིད་དོན་ཉམས་ཞིབ་པ་(Marco Respinti)་ལགས་དང་། (Aaron Rhodes)་ལགས་གཉིས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་གར་ལ་བཙན་འཛུལ་གྱི་སྣང་བརྙན་བཟོ་བ་དང་། བོད་ཀྱི་རིག་གཞུང་རྩ་མེད་བཟོ་ཐབས་བྱེད་བཞིན་འདུག་ཞེས་པའི་དཔྱད་རྩོམ་ཞིག་འདོན་སྤེལ་གྱིས། རྒྱ་ནག་གཞུང་གིས་ཡང་བསྐྱར་རྒྱ་གར་གྱི་ཨ་རུའུ་ན་ཅལ་མངའ་སྡེའི་ནང་སྤེལ་བའི་བྱ་འགུལ་དེས་བོད་ལ་བཙན་འཛུལ་གྱིས་ལོ་ངོ་༧༥རིང་དབང་བསྒྱུར་བྱས་པ་ནི་ལུགས་མཐུན་ཡིན་པར་ར་སྤྲོད་བྱེད་ཐབས་བྱས་པ་ཞིག་ཡིན་སྐོར་གསལ་སྟོན་བྱས་ཡོད་པ་རེད།

ENG_COMMENT_CHINA_TIBET_05182024.2.JPG
རྒྱ་གར་གྱི་ཨ་རུའུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་གྱི་སྟོན་པའི་སྐུ་བརྙན་ཞིག ༠༤།༠༩།༢༠༡༧ པར། Anuwar Hazarika/Reuters


དཔྱད་རྩོམ་དེའི་ནང་བཀོད་པར། རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཀྱི་ས་ཐིག་མེད་པ་དང་། རྒྱ་གར་གྱི་ནུབ་བྱང་དང་བྱང་ཤར་ས་ཁུལ་བོད་དང་འབྲེལ་ཡོད་ཚུལ་བསྟན་པ་དང་། དོན་དངོས་ཐོག་༡༩༤༩ལོར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲིད་དབང་བཟུང་བའི་རྗེས། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ཞིག་ཡིན་པ་དང་། བོད་ནི་ཆབ་སྲིད་བདག་དབང་རང་ལ་ཡོད་པ་ཞིག་ཡིན་པས། ལོ་རྒྱུས་ཀྱི་མཐའ་མཚམས་སུ་ཡང་བསྐྱར་རང་བཙན་ཐོབ་དགོས་པར་འདོད། ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་བཞིན་ཡོད་སྐོར་དཔྱད་རྩོམ་དེའི་ནང་བཀོད་འདུག
ད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༣༠ཉིན་རྒྱ་ནག་གི་སྤྱི་དམངས་ལས་དོན་ལྷན་ཁང་གིས། བོད་ཀྱི་ལྷོ་ཕྱོགས་སྟེ་ལྷོ་པ་ཁུལ་གྱི་ཚད་ལྡན་གྱི་ས་གནས་༣༠འི་མིང་བརྗེ་བསྒྱུར་བྱས་ཡོད་ལུགས་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེ་ནི་དོན་དངོས་སུ་བོད་ཀྱི་ལྷོ་ཕྱོགས་སྟེ་ལྷོ་པ་ཞེས་རྒྱ་གར་གྱི་བྱང་ཤར་ཨ་རུའུ་ན་ཅལ་(Arunachal)་མངའ་སྡེའི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་དང་། དེ་ཁུལ་གྱི་ས་ཁུལ་གཞན་སུམ་ཅུའི་ས་མིང་རྒྱ་ནག་རང་ཉིད་ཀྱིས་གཏན་འཁེལ་བྱས་ཏེ་ཁྱབ་བསྒྲགས་བྱས་ཡོད་པ་རེད། རྒྱ་ནག་གིས་གསར་དུ་བཏོན་པའི་ས་ཁུལ་གྱི་མིང་ཐོའི་ནང་སྡོད་དམངས་ཁུལ་༡༡དང་། རི་བོ་༡༢ ཆུ་བོ་༤ མཚེའུ་༡ རིའི་ཉག་ཁ་༡ ས་ཆ་ཞིག་བཅས་ཀྱི་མིང་གཏན་འབེབས་ཀྱིས་ཁྱབ་བསྒྲགས་བྱས་ཡོད་པ་དང་། གོང་ཞུའི་དཔྱད་རྩོམ་ནང་དུ། རྒྱ་ནག་གིས་ཨ་རུའུ་ན་ཅལ་མངའ་སྡེའི་ས་མིང་དག་རྒྱ་ནག་ཅན་དུ་བསྒྱུར་བཞིན་པའི་རྒྱ་ནག་གི་བྱ་འགུལ་དེ་ནི་ཆེས་ཉེ་ཆར་གྱི་གདོང་ལེན་བྱེད་ཐབས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད།

ENG_COMMENT_CHINA_TIBET_05182024.3.JPG
རྒྱ་གར་གྱི་ཨ་རུའུ་ན་ཅལ་མངའ་སྡེའི་སེ་ར་གྲོང་བརྡལ་(Sera)་དུ་རྒྱ་གར་གྱི་འོས་བསྡུའི་སྐབས། ༠༤།༠༩།༢༠༡༤ པར། Reuters


རྒྱ་ནག་གིས་༢༠༡༧ལོ་ནས་བཟུང་རྒྱ་གར་གྱི་ཨ་རུ་ཎ་ཅཱལ་མངའ་སྡེ་ནང་གི་ས་གནས་༦༢ལ་མིང་གཞུང་འབྲེལ་གཏན་འབེབས་བྱས་པའི་གནས་ཚུལ་བྱུང་པ་དང་། དེ་དག་རྒྱ་ནག་གཞུང་གིས་པའེ་ཏུའུ་ཞེས་པའི་སྤྱི་ཚོགས་དྲ་ལམ་སོཊ་སུ་ཁྱབ་བསྒྲགས་བྱས་ཏེ་ས་ཁུལ་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་བསྒྲགས་ཡོད་པ་དང་། ད་དུང་རྒྱ་གར་གྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༩ཙམ་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་རྒྱ་ནག་གིས་རང་ཉིད་ཀྱི་ས་ཁོངས་ཀྱི་ས་ཁྲའི་ཐོག་བཀོད་ཡོད་འདུག་ལ། ཨ་རུ་ཎ་ཅཱལ་མངའ་སྡེའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་༨དང་སྟོང་༣ལྷག་ཙམ་ཡོད་འདུག
ཨ་མི་རི་ཀའི་ཕི་རིན་སི་ཊིན་གཙུག་ལག་སློབ་ཆེན་གྱི་དཔེ་མཛོད་ཁང་གི་ས་ཁྲའི་སྡེ་ཚན་གྱི་འགན་འཛིན་ཤ་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་གར་མངའ་ཁོངས་ཀྱི་ཨ་རུའུ་ན་ཅལ་མངའ་སྡེའི་ས་ཆ་ཁག་གི་མིང་རྒྱ་ནག་གིས་བསྐྱར་བཟོ་བྱས་ཏེ་ཁྱབ་བསྒྲགས་བྱས་པ་ནི་ས་ཁུལ་དེ་དག་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བརྗོད་ཀྱིན་ཡོད་པ་མ་ཟད། རྒྱ་ནག་གི་ས་ཁྲའི་ནང་དུའང་ས་ཁུལ་དེ་དག་རྒྱ་ནག་གི་མངའ་ཁུངས་ཡིན་ཚུལ་གྱིས་བཀོད་ཡོད་པ་འགྲེལ་བརྗོད་གནང་ཡོད།
ཡང་ཁོང་གིས་སྔོན་༢༠༡༧ལོར་ས་མིང་དྲུག་གཏན་འབེབས་བྱས་པ་ཁྱབ་བསྒྲགས་བྱས་ཡོད་ཅིང་། ༢༠༢༡ལོར་ས་མིང་༡༥དང། དེ་ནས་༢༠༢༣ལོར་ས་མིང་༡༡ཡང་༢༠༢༤ལོར་ས་མིང་༣༠གཏན་འབེབས་བྱས་ལུགས་ཁྱབ་བསྒྲགས་ཡོད་པ་དེ་དག་གིས་ས་ཁུལ་དེ་དག་བོད་ཀྱི་ཆ་ཤས་དང་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་བཤད་ཀྱིན་ཡོད་སྐོར་གསུངས་ཡོད།
ཡང་གོང་བརྗོད་དཔྱད་རྩོམ་དེའི་ནང་དུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམ་པས་ཡང་ཡང་འགྲེལ་བརྗོད་བྱེད་བཞིན་པ་ལྟར། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། བོད་མི་རིགས་ཀྱི་ངོ་བོ་དང་ཐོབ་ཐང་ལ་བཙན་གནོན་དང་། ཆོས་ལུགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཏེ་བོད་པའི་རིག་གཞུང་རྩ་མེད་དུ་གཏོང་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུག་གིས་མི་དམངས་ས་ཡ་མང་པོའི་ཚེ་སྲོག་ལ་བརྟེན་ནས་མིག་མངས་རྩེ་བ་ནི་ཐོག་མཐའ་བར་གསུམ་དུ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཤིག་ཡིན་སྐོར་སོགས་ཐེར་འདོན་བྱས་འདུག

ENG_COMMENT_CHINA_TIBET_05182024.5.jpg
རྒྱ་གར་གྱི་ཨ་རུའུ་ན་ཅལ་མངའ་སྡེའི་མཐའ་མཚམས་སྦོམ་ལ་(Bumla)་ས་མཚམས་སུ། ༡༠།༢༡།༢༠༡༢ པར། Reuters


ཡང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་སླར་ཡང་ཨ་རུ་ན་ཅལ་ཁུལ་གྱི་ས་གནས་༣༠་མིང་གཏན་འབེབས་བྱས་ལུགས་གསལ་བསྒྲགས་བྱས་ཡོད་པ་དེ་ནི། ས་ཆའི་བདག་དབང་གི་གནད་དོན་ལ་ཐུག་ཡོད་པས། བོད་ཀྱི་དཀའ་རྙོག་མ་སེལ་བར་དུ་རྒྱ་གར་དང་རྒྱ་ནག་གཉིས་བར་ཞི་འཇམ་གྱི་གནས་བབ་ཞིག་ཡོང་རྒྱུ་མིན་སྐོར་ཉེ་ཆར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།
གཞན་ཡང་ད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༥ཉིན་རྒྱ་ནག་གི་རིག་གནས་ལས་ཁུངས་ཀྱིས་༼ས་མིང་དོ་དམ་ལག་བསྟར་བྱེད་ཐབས་ཀྱི་ཁྲིམས་༽ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་ས་མིང་དང་ཕྱི་རྒྱལ་གྱི་ས་མིང་བཅས་རྒྱ་ཡིག་ཏུ་བསྒྱུར་དགོས་སྐོར་ཞིབ་ཕྲ་གཏན་འབེབས་བྱས་འདུག
རྒྱ་ནག་གཞུང་གིས་ཉེ་སྔོན་ནས་བོད་ལ་དབྱིན་ཡིག་ཏུ་(Tibet)་ཞེས་བཀོལ་བཞིན་པའི་ཐ་སྙད་དེ་(Xizang)་ཞེས་བེད་སྤྱོད་གཏོང་འགོ་བཙུགས་ཡོད་པ་ལྟར། ཨ་རུའུ་ན་ཅལ་མངའ་སྡེ་ལ་བོད་ཀྱི་ལྷོ་ཕྱོགས་སམ་ལྷོ་པ་ཞེས་འབོད་དགོས་པ་རྒྱ་ནག་གིས་བརྗོད་འདུག


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎