རྒྱ་ནག་གིས་རྒྱ་གར་ས་མཚམས་ཀྱི་དཀའ་རྙོག་ནི་ལོ་རྒྱུས་ནས་ལྷག་པ་ཞིག་ཡིན་ཚུལ་བརྗོད་འདུག

2024.01.25
རྒྱ་ནག་གིས་རྒྱ་གར་ས་མཚམས་ཀྱི་དཀའ་རྙོག་ནི་ལོ་རྒྱུས་ནས་ལྷག་པ་ཞིག་ཡིན་ཚུལ་བརྗོད་འདུག བོད་དང་ས་འབྲེལ་སྣ་སྟོད་ལ་(Nathula)་ས་མཚམས་སུ། ༢༠༠༦
AP

དེ་ཡང་ཕྱི་ཟླ་དང་པོའི་ཚེས་༢༥རེས་གཟའ་ཕུར་བུའི་ཉིན། རྒྱ་ནག་གི་རྒྱལ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་(Wu Qian)་གྱིས་ཟླ་རེའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག རྒྱ་གར་དང་རྒྱ་ནག་བར་གྱི་ས་མཚམས་ཀྱི་དཀའ་རྙོག་རྣམས་ལོ་རྒྱུས་ནས་ཆད་པའི་གནད་དོན་ཞིག་ལས་རྒྱ་གར་དང་རྒྱ་ནག་གྱི་ཕྱོགས་ཡོངས་ཀྱི་འབྲེལ་ལམ་ནས་བྱུང་བ་ཞིག་མིན་པའི་སྐོར་བཤད་ཡོད་པ་དང་། རྒྱ་གར་ཕྱོགས་ནས་ས་མཚམས་ཀྱི་དཀའ་རྙོག་དེ་ནི་རྒྱ་ནག་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་འབྲེལ་ལམ་དང་མཉམ་བསྲེས་བྱེད་པ་ནི་བསམ་ཞིབ་མེད་པ་དང་འོས་འཚམས་ཤིག་མ་རེད་ཟེར་བཤད་ཡོད་འདུག
ཟླ་བ་འདིའི་འགོ་སྟོད་དུ་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཤིག་གིས་རོའུ་ཊར་གསར་འགྱུར་ལས་ཁང་ལ། གལ་ཏེ་རྒྱལ་ཁབ་གཉིས་པོའི་ས་མཚམས་མུ་མཐུད་དུ་ཞི་འཇམ་དུ་གནས་པ་ཡིན་ཚེ་རྒྱ་གར་ཕྱོགས་ནས་རྒྱ་ནག་གི་དཔལ་འབྱོར་མ་རྩ་འཛུགས་མཁན་གྱི་དཀའ་ངལ་སེལ་ཐབས་གནང་གི་རེད་ལ་རྟགས་མཚན་དང་པོ་ནི་ལོ་བཞི་ཕྱིན་པའི་དམ་དྲག་དེ་ཕྱིར་འཐེན་བྱ་སྲིད་པའི་སྐོར་གསུངས་ཡོད་འདུག
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཡང་ནས་བསྐྱར་དུ་རྒྱ་དཀར་ནག་བར་ས་མཚམས་ཟེར་བ་ཞིག་མེད་པ་དང་། བོད་ཀྱི་གནད་དོན་མ་སེལ་བར་དུ་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་མེད་པའི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་འབྲས་ལྗོངས། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་བཅས་ཀྱི་ས་མཚམས་འཁེལ་སའི་བོད་ཀྱི་ས་ཁུལ་དུ་གྲོང་ཚོ་གསར་རྒྱག་བྱེད་བཞིན་པ་མ་ཟད། དམག་སྒར་དང་ཟམ་ཆེན་སོགས་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་སྤེལ་བའི་ཁྲོད། རྒྱ་ནག་གི་དམག་མིས་རྒྱ་གར་གྱི་ས་ཁོངས་ནང་སིམ་འཛུལ་བྱས་བ་སོགས་ཀྱིས་ཕྱོགས་གཉིས་བར་རྩོད་རྙོག་བྱུང་བ་དང་། དམིགས་བསལ་ཕྱི་ལོ་༢༠༢༠ལོར་ལ་དྭགས་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་བར་གདོང་ཐུག་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་ཕྱོགས་གཉིས་པོའི་དམག་མི་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་སྟེ་ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་ལ་རྩོད་གཞི་ཆེན་པོར་གྱུར་ཡོད་པ་རེད།
ད་དུང་རྒྱ་གར་གཞུང་གིས་ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་དང་འབྲེལ་བ་ཡོད་པའི་མཉེན་ཆས་༢༣༢བཀག་སྡོམ་བྱས་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་འཕྲུལ་ལས་དང་བརྡ་འཕྲིན་ལས་ཁུངས་ཀྱིས་མཉེན་ཆས་དེ་དག་གི་དངོས་རྫས་རྣམས་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་ལ་གནོད་གཞི་གྱུར་བར་བརྟེན་ནས་བཀག་སྡོམ་གནང་བ་ཞིག་ཡིན་ལུགས་གསུངས་ཡོད་པ་རེད།
གང་ལྟར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་དཀའ་རྙོག་ཟེར་བ་སེལ་ཐབས་ཐད་ལ་ད་བར་རྒྱ་དཀར་ནག་གི་དམག་དཔོན་ཚོས་གྲོས་མོལ་ཐེངས་བཅུ་གྲངས་ལྷག་བྱས་ཡོད་ཀྱང་དོན་འབྲས་ཆེན་པོ་སོན་པ་གང་ཡང་བྱུང་མེད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎