རྒྱ་གར་གྱིས་བོད་ཀྱི་ས་མཚམས་སུ་གཞུང་ལམ་བརྒྱབ་རྒྱུར་སྐུ་ངལ།
2009.01.19
༄༅༎རྒྱ་ནག་གིས་བོད་ཀྱི་ས་ཁུལ་ནས་རྒྱ་གར་གྱི་ཕྱོགས་སུ་དམག་བྱུས་དང་འབྲེལ་བའི་གཞུང་ལམ་གསར་བརྒྱབ་ཀྱི་འཆར་གཞིར་རྒྱ་གར་གྱིས་གདོང་ལེན་ཁ་གཏད་ཀྱི་ཆེད་དུ་རྒྱ་གར་གྱིས་བོད་ཀྱི་ས་མཚམས་ཕྱོགས་སུ་གཞུང་ལམ་གསར་རྒྱབ་ཀྱི་ལས་འཆར་ལག་ལེན་བསྟར་ཕྱོགས་ཐད་སྐུ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གིས་རྒྱ་དཀར་ནག་གཉིས་ཀྱི་སྟངས་འཛིན་བྱེད་བཞིན་ས་མཚམས་ཀྱི་བརྒྱུད་ལ་རྒྱ་ནག་གི་ལོ་མང་ནས་དམག་བྱུས་དང་འབྲེལ་བ་ཡོད་པའི་གཞུང་ལམ་དང་ཏར་འཕྲིན་ཁ་དཔར་གྱི་སྒྲོམ་གཞི་གཞི་རྒྱ་ཆེན་པོ་གསར་བརྒྱབ་བྱས་ཡོད་པ་དང་གནད་དོན་དེའི་ཐོག་རྒྱ་གར་གྱི་ངོས་ནས་དངོས་སུ་ཉེན་ཁ་ཡོད་པ་དེ་ཕྱི་ལོ་༢༠༠༦ཙམ་ལ་དངོས་སུ་ཤེས་རྟོགས་བྱུང་ཡོད་པ་རེད་འདུག དེ་ནས་བཟུང་རྒྱ་གར་གཞུང་གིས་ནུབ་ལ་དྭགས་ནས་ཤར་ཨ་རུ་ན་ཅལ་བར་གྱི་ས་མཚམས་ཀྱི་ས་ཁུལ་དུམ་བུ་གསུམ་གྱི་ནང་གཞུང་ལམ་དང་ཏར་འཕྲིན་ཁ་དཔར་དང་དམག་མི་སྡོད་གནས་སོགས་ཀྱི་སྒྲོམ་གཞི་གསར་བརྒྱབ་གནང་དགོས་པའི་བཀའ་ཁྲོལ་གནང་ཡོད་པ་རེད་འདུག འོན་ཀྱང་རྒྱ་གར་གྱི་ཀྲི་ཨེན་ཨེན་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་ར་ཇཏ་པན་ཌིཏ་གྱིས་གནས་ཚུལ་སྤེལ་དོན་ལ་རྒ་གར་གཞུང་གི་བཀའ་ཁྲོལ་གནང་བའི་འཆར་གཞི་དེ་ལག་ལེན་བསྟར་ཕྱོགས་ཐད་ཐུད་ཤོར་གྱི་རྣམ་པ་མང་པོ་ཡོད་པ་དང་ལྷག་དོན་དུ་ལ་དྭགས་དང་ཨུ་ཏར་ཀན་དང་འབྲས་ལྗོངས་དང་ཨ་རུ་ན་ཅལ་ས་ཁུལ་དུ་གཞུང་ལམ་བདུན་ཅུ་དོན་གསུམ་གསར་རྒྱབ་ཀྱི་འཆར་གཞིའི་བཀའ་ཁྲོལ་ཐོབ་ཡོད་ཀྱང་ད་ལྟ་བར་དུ་ལམ་དགུ་མ་གཏོགས་དངོས་སུ་བཟོ་ཐུབ་མེད་པ་རེད་འདུག ལམ་གསར་པ་བདུན་ཅུ་དོན་གསུམ་བརྒྱབ་རྒྱུའི་འཆར་གཞིའི་ནང་ནས་ཨ་རུ་ན་ཅལ་ནང་དུ་ལམ་བཅུ་གཉིས་དང་ཨུ་ཏར་ཀན་ནང་ལམ་བཅུ་དགུ།ཇ་མུ་དང་ཀ་ཤི་མིར་ནང་བཅུ་བཞི་ཧི་མ་ཅལ་ནང་བདུན་དང་འབྲས་ལྗོངས་ནས་ལམ་གསར་གསར་པ་དྲུག་བཅས་བ་བགོས་ཀྱི་འཆར་གཞི་བཀོད་ཡོད་པ་རེད་འདུག རྒྱ་གར་གྱི་ཁོར་ཡུག་དང་ཤིང་ནགས་ལས་ཁང་ཁག་གིས་བཀའ་ཁྲོལ་མེད་པ་སོགས་ཀྱི་འགོག་རྐྱེན་མང་པོ་འཕྲད་བཞིན་པ་དང་གལ་ཏེ་རྒྱ་གར་གྱི་དུས་བཀག་འཆར་གཞི་ལྟར་ཕྱིན་པ་ཡིན་ན་ཕྱི་ལོ་༢༠༡༢ནང་ཚུད་ལ་རྒྱ་ནག་གི་འཆར་གཞི་ལ་ཁ་གཏད་བཅོག་པའི་ཆེད་དུ་རྒྱ་གར་གྱི་ཕྱོགས་ནས་ལམ་གསར་པ་བདུན་ཅུ་དོན་གསུམ་གྲུབ་དགོས་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག